དབུ་གསར་འཛིན་གྲྭ་དགེ་འདུན་ཆོས་འཕེས་ནས་བྲིས་སོ།
འཕགས་མཆོག་རྒྱ་གར་བྷོདྷའི་ཡུལ་དུ།
དྲི་མ་མེད་པའི་ན་ལན་ཆོས་རྒྱུད།
ཉིན་མཚན་ལྟོས་མེད་འཛིན་པའི་འབྱུང་གནས།
ཐེག་ཆེན་གླིང་ཞེས་ཡོངས་སུ་གྲགས་པ།
ཕྱི་ཡི་འཁོར་ཡུག་མཛེས་ཞེས་ཡངས་པ།
ཐོག་བརྩེགས་ཅན་གྱི་ཁང་བཟང་ནང་དུ།
ཤེས་སྤྱོད་ལྡན་པའི་དགེ་འདུན་རྣམས་ཀྱིས།
བརྩོན་པ་ལྷོད་མེད་དགེ་ལ་བརྩོན་ཨང།
ཕྲག་དོག་དྲི་མ་མེད་པའི་ཚུལ་འདི།
སྐྱེ་བོ་ཀུན་གྱི་དད་སེམས་འཁྱུར་ཞིང་།
ཕྱོགས་བཞི་ཀུན་གྱི་བློ་གསལ་རྣམས་ཀྱི།
དལ་འབྱོར་མི་ལུས་རིན་ཐང་རྙེད་ནས།
འཕྲད་པར་དཀའ་བའི་བཤེས་གཉེན་དྲུང་དུ།
རྨོངས་པའི་མུན་པ་ཡོངས་སུ་སེལ་ཏེ།
འདི་ཕྱི་གཉིས་ལ་ཕན་པའི་ཆོས་ལ།
ཐོས་བསམ་སྒོམ་གསུམ་བྱས་པའི་འབྲས་བུར།
སྔར་གྱི་རང་དོན་ཁོ་ནའི་སེམས་དེ།
རིམ་བཞིན་འཇའ་ཚོན་ལྟ་བུ་ཡལ་ཏེ།
མ་གྱུར་སེམས་ཅན་ཀུན་གྱི་དོན་དུ།
དགེ་བ་བསྒྲུབ་པའི་ལམ་མཆོག་བརྩོན་པ།
བཤེས་གཉེན་དམ་པའི་རྗེས་འཛིན་བྱེད་པའི།
དམ་བཅའ་གཡོ་མེད་རྟག་ཏུ་བཟུང་ཞིག
འཆི་མེད་ཞི་བདེ་ལམ་བཟང་བསྐྲུན་པའི།
ཡོན་ཏན་མ་ལུས་འདི་ནས་ཐོབ་བོ།
ཨེ་མ་བདག་གི་གནས་མཆོག་དམ་པ།
ཁྱེད་ནི་བསྟན་པའི་གཞི་རྩ་མཐར་ཐུག
འཕགས་ཡུལ་དམ་པའི་སྤྱོད་ཚུལ་འཛིན་ས།
སྒྲིབ་གཉིས་སྤངས་ཕྱིར་འཇུག་སྒོ་ཐོག་མ།
རྨོངས་པའི་བློ་ཡི་མུན་སེལ་སྒྲོལ་མེ།
དལ་འབྱོར་མི་ལུས་རིན་ཐང་བསྒྲུབ་ས།
ཁྱད་དུ་འཕགས་པའི་ཐོན་མིའི་སྐད་ཡིག
གནས་དང་མི་གནས་ཁྱེད་ལ་ཐུག་ཡོད།
དག་པའི་ཞིང་ལྟར་འདྲ་བའི་གནས་འདི།
སློབ་གཉེར་ཐོས་བསམ་བྱེད་པའི་གོ་སྐབས།
འདི་ཕྱི་ཀུན་ལ་རྙེད་པར་དཀའ་བའི།
དུས་ཚོད་རིན་ཐང་ཤེས་པར་བྱེད་ནས།
གནས་པའི་དགེ་འདུན་མཁས་དབང་རྣམས་ཀྱི
གཏིང་དཔག་དཀའ་བའི་རྒྱལ་བའི་གཞུང་ལ།
རྐང་དྲུག་གཞོན་ནུ་པདྨའི་གེ་སར།
རོལ་བ་བཞིན་དུ་བརྩོན་པ་གནང་དང་།
ན་ཆུང་བློ་གསལ་གཞོན་ནུ་ཁྱེད་ཅག
བསྐལ་བཟང་དགའ་སྟོན་ལོངས་སུ་སྤྱོད་ཅིག །།
No comments:
Post a Comment