དབུ་གསར་བླ་མ་རུ་བ་ནས།།
ཀྱེ་བྱམས་སེམས་དང་ལྡན་པའི་སྤུན་ཟླ་ཚོ་ཡ། ཁྱེད་རྣམས་ཀྱི་དྲིན་ལས་བདག་ནི་ཅི་འདྲའི་མཛེས་སྡུག་ལྡན་པའི་ཞིང་ཁམས་ཞིག་ཏུ་སླེབས་སོང་བ་མ་རེད་དམ།ཞིང་ཁམས་འདི་ནི་ཞི་བདེ་འཚོལ་སའི་གནས་མཆོག་ཞིག་དང་སེམས་ཀྱི་རྟ་རྒོད་འདུལ་སའི་ཐང་ཆེན་ཞིག་ཀྱང་རེད་ཡ། འོན་ཀྱང་བདག་གི་སེམས་འདི་ནི་སྙིགས་དུས་ཀྱི་ཐ་མལ་བའི་སེམས་ཁམས་ངོ་མ་བཀྲུས་ཀྱང་མ་དག་པ་ཞིག་ཡིན་སྟབས་མཁས་གྲུབ་གསེར་རིའི་ཕྲེང་བའི་དབུས་སུ་ལྷང་ལྷང་དུ་མངོན་པར་འཕགས་པའི་དགེ་བའི་བཤེས་གཉེན་དམ་པ་དག་གི་ཞབས་ལ་ཇི་ཙམ་གཏུགས་ཞིང་གཞུང་ཆེན་དག་ལ་བློ་དང་འཚམས་པའི་སྦྱང་པ་ཟས་བརྗེད་གཉིད་གཅག་གིས་ཇི་ཙམ་འབད་ཀྱང་ཡིད་སྐྱོ་དགོས་པ་ཞིག་ལ་བདག་གི་སེམས་ཁམས་ནི་རྟ་རྒོད་ལྟར་སྔར་བཞིན་རང་སོར་གནས་འདུག ། ཀྱེ་བརྩེ་ལྡན་གྱི་ཀློག་པ་པོ་དག་བདག་གི་སེམས་ཁམས་འདི་ནི་ཅི་འདྲ་བའི་མ་དག་པ་ཞིག་མ་རེད་དམ། ཐོག་མེད་ནས་དུག་གསུམ་གྱི་བྲན་དུ་འགྱུར་པའི་བདག་སེམས་དེས་མཁྱེན་བརྩེ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་དམ་པ་རྣམས་དང་ཐར་པའི་གྲོང་མཆོག་ཏུ་འཇུག་པའི་ཟླ་གྲོགས་དམ་པ་དག་གི་བཀའ་སློབ་དང་རེ་བ་རྣམས་ཆུད་གཟོན་དུ་བཏང་ནས་དུག་སྦྲུལ་གྱི་ཚང་ལྟར་ཡོངས་སུ་་གྲགས་པའི་འཁོར་བའི་གྲོང་དུ་བྱིས་པའི་རྩེད་དགར་ཇི་ཙམ་རོལ་ཀྱང་ཁོང་རྣམས་ནི་བདག་ལ་ཟུར་ཟ་དང་འཕྱ་དམོད་བྱེད་རྒྱུ་ལྟ་ཅི་དེ་ལས་ལྡོག་སྟེ་བདག་ལ་སྔར་ལས་ལྷག་པའི་བྱམས་སྐྱོང་དང་ལམ་སྟོན་བཟང་པོ་གནང་སྟེ་ལོང་བ་གྲོང་དུ་འཁྲིད་པའི་དཔེ་ལྟར་བདག་རྒྱུད་ལ་ཡོངས་སུ་སྒྲིབ་པའི་དུག་གསུམ་དེ་ཡིས་གཉེན་པོ་བྱས་ཏེ་ཕུང་པོ་ལ་བཏགས་ཙམ་གྱི་བདག་དེ་ཉིད་གཏན་གྱི་བདེ་བར་བཀོད་བཞིན་ཡོད་པས་ཁྱེད་རྣམས་ཀྱི་བཀའ་དྲིན་ནི་བདག་གིས་ཚེ་རབས་ནས་ཚེ་རབས་བར་དུ་བརྗེད་པ་ག་ལ་ཕོད།།
No comments:
Post a Comment