མེ་ཏོག་དཀར་པོས་འཚམས་དང་འདིར་འཕེབས་པར་དགའ་བསུ་ཞུ།

ང་ནི་སྐྱེས་པ་ཁྱེད་ཀྱི་ཆེད་དུ་སྐྱེས་པ་ཡིན་ལ། འཚོ་བ་ཡང་ཁྱེད་ཀྱི་ཆེད་དུ་འཚོ་བཞིན་མཆིས། ང་ནི་ནམ་ཡང་ཁྱེད་ཀྱི་ཡིན་པས། ཁྱེད་ཀྱིས་ངེས་པར་དུ་ང་སྤྱད་རོགས།

Friday, 6 May 2011

ཚད་འགོག་སྐབས་སུ་རྣམ་ཤེས་རིགས་མཐུན་ལ་དཔྱད་པ་།

ཕུན་ཚོགས་འཕྲིན་ལས་ནས་བྲིས་སོ།།
དཔལ་ལྡན་ཐལ་འགྱུར་བ་ཡི་ལྟ་བའི་གནད།
ཟླ་བའི་ཞབས་དང་བློ་བཟང་རྒྱལ་བ་ཡིས།
ཚང་ལ་མ་ནོར་ལེགས་ཕྱེས་ལྷ་ལམ་དུ།
མཐའ་བྲལ་ཚུལ་འདི་གསུང་རབ་ཀུན་གྱི་བཅུད།
འཇུག་པ་རང་འགྲེལ་ལས།  རྣམ་པར་ཤེས་པ་ཨུཏྤ་ལའི་འདབ་མ་བརྒྱ་འབིགས་པ་ལྟར་རིམ་གྱིས་འབྱུང་བ་རྣམས་འཇུག་པ་མྱུར་བས་ཅིག་ཅར་དུ་འཇུག་པ་ལྟ་བུ་མངོན་པ་ཡིན་ནོ་ཞེས་པའི་དོན་ནི།   འཇུག་པ་རང་འགྲེལ་གྱི་སྐབས་འདིར་ལུགས་གསུམ་བཀོད་པའི་ནང་ནས་ལུགས་གསུམ་པའི་འདོད་ཚུལ་སྟོན་པ་ཡིན་ནོ།   སྐབས་འདིར་བསྟན་གྱི་ལུགས་དང་པོ་སྟོན་པ་ནི་རང་འགྲེལ་ལས།   རང་རིག་པ་མེད་པའི་ཕྱིར་ཞེས་པ་ནས་ཐུག་པ་མེད་པར་ཐལ་བར་འགྱུར་རོ་ཞེས་དང་།ལུགས་གཉིས་པ་ནི་རང་འགྲེལ་ལས།   འདི་ལྟར་སྔོན་པོ་ཡོངས་སུ་གཅོད་པར་ཤེས་པ་གཅིག་ཅེས་པ་ནས།  སེམས་ཅན་རྣམས་རྣམ་པར་ཤེས་པའི་རྒྱུད་གཅིག་ཡིན་པའི་ཕྱིར་རོ་ཞེས་དང་།ལུགས་གསུམ་པ་སྟོན་པ་ནི་རང་འགྲེལ་ལས།   རྣམ་པར་ཤེས་པ་ཨུཏྤ་ལའི་འདབ་མ་བརྒྱ་ཞེས་སོགས་དྲངས་མ་ཐག་པ་འདི་ཡིན་ལ།  ལུགས་དང་པོ་ནི་ཤེས་པ་ལ་མྱོང་བྱེད་རང་རིག་མི་འདོད་པར་རང་ལས་རྫས་གཞན་པས་མྱོང་བར་འདོད་པ་དང་།  ལུགས་གཉིས་པ་ནི་སྔོན་འཛིན་སྐད་གཅིག་དང་པོ་ལྟ་བུ་སྔོན་འཛིན་སྐད་ཅིག་གཉིས་པས་མྱོང་བར་འདོད་པ་དང་།   ལུགས་གསུམ་པ་ནི་རིགས་མཐུན་གྱི་གཙོ་བོའི་རྣམ་ཤེས་ཅིག་ཅར་སྐྱེས་པ་མེད་ཀྱང་འཇུག་པ་མྱུར་བའི་དབང་གིས་
ཅིག་ཅར་ལྟ་བུར་སྣང་བ་ཡིན་ཞེས་འདོད་དོ་    འོ་ན་།   ལུགས་གཉིས་པ་ཅུང་ཟད་དཔྱད་པ་ན།  དེ་ལ་སྔོན་འཛིན་སྐད་ཅིག་གཉིས་པ་ནས་ཕྱི་རོལ་གྱི་ཡུལ་སྔོན་པོ་ལ་ནམ་ཡང་འཕོ་མི་སྲིད་པར་ཐལ།    ཤེས་པ་དེ་དག་གིས་ནང་གི་ཉེ་བའི་གཟུང་དོན་བོར་ནས་རིང་བའི་གཟུང་དོན་ལ་ནམ་ཡང་མི་འཇུག་པའི་ཕྱིར་རོ་ཞེས་བཀོད་པ་ན།   སྐད་ཅིག་དང་པོ་མྱོང་བའི་སྔོན་འཛིན་སྐད་ཅིག་གཉིས་པ་དང་སྔོན་འཛིན་སྐད་ཅིག་གཉིས་པ་གཉིས་ཅིག་ཅར་སྐྱེས་པས་སྐྱོན་མེད་ཅེས་ཟེར་ན།   འོ་ན།   སེམས་ཅན་གཅིག་གི་རྒྱུད་ལ་ཡིད་ཀྱི་རྣམ་ཤེས་རིགས་མཐུན་རྫས་ཐ་དད་པ་གཉིས་ཅིག་ཅར་དུ་སྐྱེ་བ་ཡོད་པར་ཐལ།  ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། འདོད་ན་མི་འཐད་པར་ཐལ། མདོ་ལས། ལུས་ཅན་རྣམས་ནི་རྣམ་པར་ཤེས་པ་རྒྱུད་རེ་རེ་ཁོ་ནའོ།   ཞེས་གསུངས་པས།     དེས་ན་རྣམ་ཤེས་རིགས་མཐུན་རྫས་ཐ་དད་ཀྱི་དོན་གང་ཞིག   །དེ་སེམས་ཅན་གཅིག་གི་རྒྱུད་ལ་དེ་གཉིས་ཅིག་ཅར་དུ་འབྱུང་མི་སྲིད་པས་མདོ་ལུང་དེའི་ཕྱིར།   སངས་འཕགས་ཀྱི་རྒྱུད་ལ་རྣམ་ཤེས་རིགས་མཐུན་རྫས་ཐ་དད་དུས་མཉམ་དུ་སྐྱེ་བར་ཡོད་པབསྟན་པ་ཡིན་པར་ཐལ་   ཀུན་མཁྱེན་འཇམ་དབྱངས་བཞད་པས་སེམས་ཅན་ཞེས་པས་སངས་འཕགས་ཀྱི་རྒྱུད་ལ་རྣམ་ཤེས་རིགས་མཐུན་རྫས་ཐ་དད་ཡོད་པར་བསྟན་ལ་ཞེས་གསུངས་པའི་ཕྱིར་།  དེས་ན་རྟོག་པ་རིགས་མཐུན་རྫས་ཐ་དད་རྣམ་ཤེས་རིགས་མཐུན་རྫས་ཐ་དད་གཉིས་དོན་གཅིག་ཡིན་ནམ་མིན།   དེ་གཉིས་དོན་གཅིག་ན་སེམས་ཙམ་པའི་ལུགས་གཞིར་བཞག། སེམས་ཅན་གཅིག་གི་རྒྱུད་ལ་རྟོག་པ་རིགས་མཐུན་རྫས་ཐ་དད་པ་གཉིས་དུས་མཉམ་དུ་འབྱུང་མི་སྲིད་པར་ཐལ།   འདོད་པ་དེའི་ཕྱིར་།   འདོད་ན་གང་ཟག་གི་བདག་མེད་དངོས་སུ་རྟོགས་པའི་ཉན་ཐོས་ཀྱི་སྦྱོར་ལམ་ཆོས་མཆོག་ཡེ་ཤེས་ཆོས་ཅན།    ཁྱོད་ཀྱི་ཀུན་གཞི་རྣམ་ཤེས་ཀྱི་སྟེང་དུ་གང་ཟག་གི་བདག་འཛིན་གྱི་ཞེན་ཡུལ་མེད་པ་མ་རྟོགས་པར་ཐལ།   ཉོན་ཡིད་ཀྱིས་གང་ཟག་གི་བདག་ཏུ་བལྟ་བའི་གཞིར་མ་སྤངས་པའི་ཚུལ་དུ་ཡོད་པའི་ཕྱིར་།   དེ་ཡོད་པར་ཐལ།   དཀའ་འགྲེལ་ལས་  འདས་ལམ་མ་སྐྱེས་གོང་དུ་དུས་

གཅིག་ཏུ་གང་ཟག་དང་ཆོས་སུ་འཛིན་པ་འབྱུང་ལ།   ཞེས་གསུངས་པས།   དེ་གཉིས་དོན་མི་གཅིག་ན་།   སེམས་ཅན་ཅིག་གི་རྒྱུད་ལ་རྟོག་པ་རིགས་མཐུན་རྫས་ཐ་དད་པ་གཉིས་ཅིག་ཅར་དུ་མི་སྐྱེ་བའི་རྒྱུ་མཚན་གང་    དེ་མི་སྐྱེ་བ་ཐལ། རིགས་རྒྱན་ལས།   རིགས་པ་ཅན་པའི་འདི་ནི་གཟུགས་འཛིན་པའོ་སྙམ་པའི་རྟོག་པ་དང་འདི་ནི་གཟུགས་སོ་སྙམ་པའི་རྟོག་པ་གཉིས་ཅིག་ཅར་སྐྱེས་བར་ཁས་བླངས་པ་ལ།   དཔལ་ལྡན་ཆོས་ཀྱི་གྲགས་པས་རྟོག་གཉིས་ཅིག་ཅར་མཐོང་བ་མེད་པའི་རིག་པས་གནོད་བྱེད་བསྟན་པ་མི་འཐད་པར་ཐལ།  ཞེས་གསུངས་པའི་ཕྱིར་    དེས་ན།   རྣམ་ཤེས་རིགས་མཐུན་རྫས་ཐ་དད་ཀྱི་དོན་ནི།   ལ་ལས་རྣམ་ཤེས་དྲུག་གི་ཡ་གྱལ་ཡིན་པ་མཚུངས་ཞིང་།  དམིགས་པ་དང་རྣམ་པ་འཛིན་སྟངས་མཚུངས་པས།   དེ་གཉིས་སེམས་ཅན་གཅིག་གི་རྒྱུད་ལ་དུས་མཉམ་དུ་འབྱུང་མི་སྲིད་པའི་རྣམ་ཤེས་ཞེས་ཟེར་།   ལ་ལས་དམིགས་པ་དང་འཛིན་སྟངས་བདག་རྐྱེན་གསུམ་ཀ་རིགས་མཐུན་དགོས་པ་ཡང་གསུངས།   དཔེར་ན་   སྔོན་པོ་དྲན་པའི་དྲན་ཤེས་སུ་གྱུར་པའི་རྣམ་ཤེས་སྐད་ཅིག་སྔ་ཕྱིོ་གཉིས་ལྟ་བུའོ་ཞེས་ཟེར་།   བཀའ་དྲིན་ཟླ་མེད་བདག་གི་དགེ་བའི་བཤེས་གཉེན་ཆེན་པོ་ལགས་ཀྱིས་ཞལ་ནས་ཐོས་པ་ནི།  ཐུན་མོང་མིན་པའི་བདག་རྐྱེན་དང་དེ་མ་ཐག་རྐྱེན་གཅིག་ལ་བརྟེན་ནས་ཡིན་ཀྱི་རྣམ་ཤེས་རྫས་ཐ་དད་པ་གཉིས་རྣམ་ཤེས་གཅིག་གི་ཉེར་ལེན་ལས་གསར་བྱུང་སྟོབས་མཚུངས་པར་ཅིག་ཅར་དུ་སྐྱེ་བ་ཡོད་མེད་ཀྱི་རྣམ་ཤེས་ཞེས་གསུངས།   འོན་ཀྱང་ཤེས་ལྡན་རྣམ་དཔྱོད་ཅན་རྣམས་ཀྱིས་འདི་ལ་ཚིག་སྐྱོན་དང་འགལ་འཁྲུལ་མང་པོར་གཟིགས་ན་བདག་གིས་གུས་བཀུར་ཆེན་པོའི་བཟོད་གསོལ་ཞུ་ལགས།།
ཕན་མཛད་དེ་ཡི་བསྟན་པའང་སྲིད་པའི་མཐར།
ངན་རྟོག་རླུང་གི་རྣམ་པར་མི་གཡོ་ཞིང་།
བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ།
ཡིད་ཆེས་རྙེད་པས་རྟག་ཏུ་གང་བར་ཤོག 
སྨྲས་པ་ སེར་སྨད་མཁས་མང་ནོར་བུའི་འབྱུང་གནས་ཆེ།
ཟླ་བྲལ་འདུས་སྡེ་ཆེན་པོ་འདི་ཡིས་མཚོན།
རིས་མེད་ཆོས་ཀྱི་འབྱོར་པའི་སྡེ་ཀུན་ཀྱང་།
བཤད་སྒྲུབ་འཁོར་ལོའི་བྱ་བས་འདས་གྱུར་ཅིག།།

No comments: