ངག་དབང་འཕེལ་རྒྱལ་ནས་བྲིས་སོ།།
ཚད་མ་ཀུན་བཏུས་མཆོད་བརྗོད་གོ་རིམ་བཞིན།
ཕན་དང་སྟོན་པ་བདེ་གཤེགས་སྐྱོབས་པ་སོགས།
རང་གིས་རྙེད་ནས་གཞན་ལའང་འདོམས་མཁས་པའི།
སྐུ་བཞིའི་བདག་ཉིད་བླ་མར་ཕྱག་འཚལ་ལོ།
ཚད་མའི་གཞུང་ལུགས་གཏིང་དང་མཐའ་བྲལ་ཡང་།
ཆུ་ཐིགས་ཙམ་ཞིག་བླང་ནས་གར་བྱེད་དོ།
འདི་ཡང་སྤྱིར་རྣལ་འབྱོར་མངོན་སུམ་སྒྲུབ་པའི་རིག་པ་ལ་སྒོ་མང་ཡང་སྐབས་འདིར་ལེའུ་གཉིས་པར་གང་ཕྱིར་རིགས་མཐུན་སྔ་མ་ཡི། ས་བོན་ལས་ནས་འཕེལ་བ་ཅན། བརྩེ་བ་ལ་སོགས་བློ་དེ་དག་གོམས་པར་གྱུར་ན་གང་ལའང་གནས། ཞེས་སོགས་ཀྱི་སྐབས་སུ་རྣལ་འབྱོར་མངོན་སུམ་སྒྲུབ་པའི་རིག་པ་ལའང་མཁས་པ་སོ་སོའི་འགོད་ཚུལ་ཅུང་ཟད་མི་འདྲ་བ་ཡོད་པ་རྣམས་ངོས་བཟུང་ནས་ཅུང་ཟད་དཔྱད་པ་ལ། རྒྱབ་ཚབ་རིན་པོ་ཆེས་ཐར་ལམ་གསལ་བྱེད་དུ། བརྩེ་བ་དང་ཤེས་རབ་ལ་སོགས་པའི་བློ་དེ་དག་ཆོས་ཅན། སྦྱོར་བ་གཉིས་ལྡན་གྱི་གོམས་པར་གྱུར་ན་ཚད་ཅན་དུ་གང་ཡང་གནས་པ་མི་འཐད་དེ་ གང་གི་ཕྱིར་ན་རང་གི་རིགས་མཐུན་སྔ་མ་ཡི་ས་བོན་ལས་གོང་ནས་གོང་དུ་འཕེལ་བ་ཅན་གྱི་སེམས་ཀྱི་ཡོན་ཏན་ཡིན་པའི་ཕྱིར་ ཞེས་འགོད་ཡོད། དེ་ལྟར་ན། འདོད་ཆགས་ཆོས་ཅན། སྦྱོར་བར་གཉིས་ལྡན་གྱི་གོམས་པར་གྱུར་ན་ཚད་ཅན། དུ་མི་གནས་པར་མཐའ་མེད་དུ་འཕེལ་བར་འགྱུར་བ་ཐལ། གོང་གི་རྟགས་དེའི་ཕྱིར། འདོད་ན།མི་འཐད་དེ། དེ་ལྟར་ན། ཁྱོད་ཀྱི་རྒྱུན་སངས་རྒྱས་ས་ན་ཡོད་དགོས་པ་ལས་སངས་རྒྱས་འཕགས་པས་ཁྱོད་ཀྱི་རྒྱུན་དང་བཅས་པ་སྤངས་པའི་ཕྱིར། དེར་ཐལ། ཁྱོད་རྒྱུན་དང་བཅས་པ་སྤངས་བྱ་ཡིན་པའི་ཕྱིར་ཏེ་ཁྱོད་སྒྲིབ་པ་ཡིན་པའི་ཕྱིར། འོན་ཀྱང་། རྣམ་འགྲེལ་ལས། མི་གཙང་ཟད་པའི་ས་ལ་སོགས། ཡང་དག་མིན་པའང་བསྒོམས་པ་ཡི། སྟོབས་ཀྱིས་སྤྲུལ་པ་རྟོག་མིན་དང་། གསལ་བར་སྣང་བ་ཅན་དུ་མཐོང་། ཞེས་འབྱུང་བས་རྣལ་འབྱོར་པའི་བློ་དེ་དག་ལོག་ཤེས་མ་ཡིན་པར་གསལ་ལ། ཡང་དག་མིན་པས་དོན་གང་ཡིན་དཔྱད་པ་བྱའོ། རྒྱལ་བ་དགེ་འདུན་གྲུབ་པའི་ཚད་མ་རིགས་རྒྱན་ལས། བདག་མེད་རྟོགས་པའི་ཤེས་རབ་ཆོས་ཅན། གོམས་བྱེད་ཡན་ལག་དང་མ་བྲལ་ན་རང་འབྲས་གསལ་ལ་མི་རྟོག་པའི་བློ་འབྱུངདུ་རུང་སྟེ། རྟེན་བརྟན་ཞིང་གོམས་ཟིན་འབད་རྩོལ་བསྐྱར་མ་ལ་མི་ལྟོས་པའི་སེམས་ཀྱི་ཆོས་ཡིན་པའི་ཕྱིར། ཞེས་འགོད་ཡོད། དེ་ལྟར་ན། དགྲ་བཅོམ་ཐ་མའི་སེམས་ཆོས་ཅན་གོམས་བྱེད་ཀྱི་ཡན་ལག་དང་མ་བྲལ་ན་རང་
འབྲས་གསལ་ལ་མི་རྟོག་པའི་བློ་འབྱུང་རུང་དུ་ཐལ། རྟགས་དེའི་ཕྱིར། འདོད་ན་མི་འཐད་དེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཡང་མཁས་གྲུབ་རིན་པོ་ཆེའི་སྡེ་བདུན་ཡིད་ཀྱི་མུན་སེལ་ལས། བདག་མེད་རྟོགས་པའི་ཤེས་རབ་ཆོས་ཅན། ཁྱོད་གོམས་བྱེད་ཀྱི་ཡན་ལག་དང་མ་བྲལ་བར་གོམས་པར་བྱས་ན་གོམས་བྱའི་ཡུལ་ལ་གསལ་སྣང་རབ་ཀྱི་མཐར་ཐུག་པར་འགྱུར་ཏེ། ཁྱོད་རྟེན་བརྟན་གོམས་པར་བྱས་ཟིིན་འབད་བརྩོན་བསྐྱར་མ་ལ་མི་ལྟོས་པའི་སེམས་རྒྱུད་ཀྱི་ཆོས་ཡིན་པའི་ཕྱིར། དཔེར་ན། འདོད་ཆགས་བཞིན་ཞེས་པ་རང་བཞིན་གྱི་རྟགས་སོ། ཞེས་འགོད་ཡོད། དེ་ལྟར་ན། ཀུན་མཁྱེན་ཡེ་ཤེས་ཆོས་ཅན། ཁྱེད་གོམས་བྱེད་ཀྱི་ཡན་ལག་དང་མ་བྲལ་བ་གོམས་པ་བྱེད་ན་གོམས་བྱའི་ཡུལ་ལ་གསལ་སྣང་རབ་ཀྱི་མཐར་ཐུག་པ་འགྱུར་རུང་དུ་ཐལ། གོང་གི་རྟགས་དེའི་ཕྱིར། འདོད་ན་མི་འཐད་དེ།གོམས་བྱའི་ཡུལ་ལ་གསལ་སྣང་རབ་ཀྱི་མཐར་ཐུག་པ་འགྱུར་ཟིན་པའི་ཕྱིར་ཏེ། ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པའི་མཐའ་ཐུག་པའི་ཡེ་ཤེས་ཡིན་པའི་ཕྱིར། མ་ཁྱབ་ན། གནས་འགྱུར་མཐའ་ཐུག་པའི་ཚེ་ངོ་བོ་ཉིད་སྐུ་གྱུར་ཟིན་ཡིན་ན་དེའི་ཚེ་དེ་འགྱུར་རུང་མ་ཡིན་པའི་མ་ཁྱབ་ཐལ། འདོད་ན། མི་འཐད་དེ། རང་རེའི་སྤྱི་དོན་༢༦༢ལས། ཁ་ཅིག སེམས་ཅན་གྱི་རྒྱུད་ཀྱི་ཆོས་དབྱིངས་གང་ཞིག གནས་གྱུར་མཐར་ཐུག་པའི་ཚེ་ངོ་བོ་ཉིད་སྐུ་འགྱུར་རུང་རང་བཞིན་གནས་རིགས་ཀྱི་མཚན་ཉིད་ཟེར་ན། རྒྱུན་མཐའི་བར་ཆད་མེད་ལམ་གྱི་ཆོས་ཉིད་ཆོས་ཅན། མཚན་ཉིད་དེ་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ་གནས་གྱུར་མཐར་ཐུག་པའི་ཚེ་ན་ངོ་བོ་ཉིད་སྐུར་གྱུར་ཟིན་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། དེས་ན། རྣམ་འགྲེལ་ལས། འདོད་འཇིགས་མྱ་ངན་བརླམས་དང་ཞེས་སོགས་དང་། ཐར་ལམ་གསལ་བྱེད་ལས། འདོད་ཆགས་དང་འཇིགས་པ་བུ་ཤི་བའི་མྱ་ངན་གྱིས་བརླམས་པ་དང་། རྐུན་པོ་རྨི་པ་སོགས་གོམས་པ་ལས་གསལ་སྣང་འབྱུང་སྟེ། ཞེས་གསུངས་པ་རྣམས། རྟོག་པ་ལ་འདུན་ན་གནས་པ་བཞིན་དུ་གསལ་སྣང་ཡོད་ཀྱང་རྟོག་བྲལ་གྱི་གསལ་སྣང་མིན་ནམ་སྙམ། དེའི་ཕྱིར་དེ་དག་རྟེན་མི་
བརྟན་པ་ཡིན་ནམ་སྙམ་ཡང་དཔྱད་པ་བྱའོ། ལུགས་འདི་རིག་པའི་རྗེས་འབྲང་གི་ལུགས་ཡིན་པས་དགྲ་བཅོམ་ཐ་མའི་སེམས་མཁས་མི་ལེན་ནོ། དེས་ན། ཚིག་སྐྱོན་བཅད་དེ་རྟགས་འགོད་ཚུལ་ནི་བརྩེ་བ་དང་ཤེས་རབ་ལ་སོགས་པའི་བློ་དེ་དག་ཆོས་ཅན་ གོམས་བྱེད་ཀྱི་ཡན་ལག་དང་མ་བྲལ་བར་གོམས་པར་བྱེད་ན་གོམས་བྱའི་ཡུལ་ལ་རང་འབྲས་གསལ་སྣང་མཐར་ཐུག་འགྱུར་རུང་ཡིན་ཏེ། རྟེན་བརྟན་ཞིང་གོམས་པར་བྱས་ཟིན་འབད་རྩོལ་བསྐྱར་མ་ལ་མི་ལྟོས་པའི་སེམས་ཀྱི་ཆོས་ཡིན་པའི་ཕྱིར་ཞེས་འགོད་དགོས་སམ་སྙམ་ཡང་དཔྱད་པ་བྱའོ།།
སྨྲས་པ་ གཏིང་མཐའ་བྲལ་བའི་འཕགས་ཡུལ་ཚད་མའི་གཞུང་།
བློ་དམན་བདག་འདྲའི་དཔྱད་པར་ག་ལ་ནུས།
འོན་ཀྱང་རང་ལུས་དབང་པོའི་གང་ཤར་ཐོག
ཅུང་ཙམ་བྲིས་འདིས་བླ་མ་མཉེས་གྱུར་ཅིག
མི་གཙང་སྤྱོད་དང་སྲོག་གཅོད་མ་བྱིན་ལེན།
བརྣབ་སེམས་གནོད་སེམས་ལོག་ལྟ་ཡིད་ཀྱི་གསུམ།
བརྫུན་དང་ཕྲ་མ་ངག་འཁྱལ་ཚིག་རྩུབ་སོགས།
ལས་ངན་ཆུ་བོའི་རྒྱུན་ལས་གྲོལ་བར་ཤོག །
No comments:
Post a Comment