ངག་དབང་དར་རྒྱལ་ནས་བྲིེས་སོ།།
དཔལ་འབྱོར་གྱི་ཚ་རླབས་རབ་ཏུ་འཕྱུར་བཞིན་པའི་དུས་རབས་ཉེར་གཅིག་པའི་ནང་དུ་རང་ཅག་བོད་མི་མཁས་བླུན་མང་པོ་ཞིག་གིས་ནང་ཆོས་ཀྱིས་ཆབ་སྲིད་དང་དཔལ་འབྱོར་འདྲ་མཉམ་རང་དབང་བཅས་ལ་འགོག་རྐྱེན་སྤྲོད་ཀྱིན་འདུག་པས་དེང་གི་སྤྱི་ཚོགས་ལ་ནང་ཆོས་དགོས་མཁོ་མི་འདུག་ཞེས་བརྗོད་མཁན་ཉིན་རེ་ནས་ཉིན་རེ་བཞིན་ཇེ་མང་ནས་ཇེ་མང་འགྲོ་ཡི་ཡོད། དེ་ནི་ནང་ཆོས་ཀྱི་གནས་ལུགས་ཇི་བཞིན་དུ་མ་མཁྱེན་པ་ལས་དོན་དངོས་ནང་ཆོས་ཀྱིས་ཆབ་སྲིད་སོགས་ལ་འགོག་རྐྱེན་གང་ཡང་སྤྲོད་ཀྱིན་མེད། ཆབ་སྲིད་ནི་རྒྱལ་ཁབ་དེའི་མངའ་འོག་ཏུ་ཡོད་པའི་འབངས་མི་རྣམས་བདེ་སྐྱིད་ལྡན་པའི་འོག་སྐྱོང་ཐབས་ཀྱི་བྱུས་ཤིག་ལ་གོ་དགོས་སྙམ། དེ་ཡང་དེང་གི་ཆ་ལ་རྒྱལ་ཁབ་ཕན་ཚུན་བར་རང་རྒྱལ་གཞན་ཕམ་གྱི་སྲིད་བྱུས་སྤངས་ཤིང་འཛམ་གླིང་སྤྱི་ཡོངས་ཀྱི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ཁ་ཕྱོགས་ཕན་ཚུན་འཆམ་མཐུན་གྱི་ལམ་དུ་འགྲོ་བར་བརྕོན་པའི་སྐབས་དེར་ནང་ཆོས་ནི་སྣེ་འཁྲིད་ལས་འགོག་རྐྱེན་སྤྲོད་མཁན་ཞིག་མིན།ཕན་ཚུན་འཆམ་མཐུན་ནི་ནང་སེམས་ཀྱི་སྟེང་ནས་བྱེད་དགོས་པས་དེའི་ཐབས་ལམ་ནང་ཆོས་ལས་ལྷག་པ་གང་ཡང་མེད། ༧གོང་ས་མཆོག་གི་བཀའ་སློབ་བཞིན་ཕྱི་དངོས་པོའི་ཐོག་གི་གྲོགས་པོ་ནི་ཁ་ཙམ་གྲོགས་པོ་ཡིན་དོན་དངོས་ཀྱི་གྲོགས་པོ་ནི་ནང་སེམས་ཀྱི་སྟེང་ནས་གྲོགས་ཤིང་དགོས་གསུངས། དེར་བརྟེན་ནང་ཆོས་ནི་དེང་གི་སྤྱི་ཚོགས་ལ་ངེས་པར་མཁོ་བ་ཡིན།དེ་བཞིན་དུ་འདོད་ཆུང་ཆོག་ཤེས་ཀྱི་ངོ་བོ་ཇི་བཞིན་མ་མཁྱེན་ནས་ནང་ཆོས་ཀྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གསར་བརྗེ་ལ་འགོག་རྐྱེན་སྤྲོད་ཀྱིན་འདུག་པས་དེང་གི་སྤྱི་ཚོགས་ལ་ནང་ཆོས་དགོས་མཁོ་མེད་ཅེས་བརྗོད་ན་
འདོད་ཆུང་ཆོག་ཤེས་ནི་གང་ཟག་སྒེར་ཀྱི་ངོས་ནས་བྱེད་དགོས་པའི་ཉམས་ལེན་ཞིག་ཡིན་པ་ལས་རྒྱལ་ཁབ་དང་མི་རིགས་ཀྱི་སླད་དུ་དཔལ་འབྱོར་ཇི་སྙེད་སྒྲུབ་པ་ཡིན་ན་འདོད་ཆུང་ཆོག་ཤེས་དང་འགལ་འགྲོ་བར་གང་ཡང་མེད། དཔེར་ན་འདུལ་གཞུང་ལས་དགེ་སློང་གིས་ཆོས་གོས་ལྷག་པོ་བཅངས་མི་ཆོག་ཡང་རབ་བྱུང་གཞན་གྱི་དོན་དུ་ཆོས་གོས་ལྷག་པོ་བཅངས་ཀྱང་རང་གི་སྲུང་བྱ་དང་མི་འགལ་བ་བཞིན་དུ་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་དཔལ་འབྱོར་ཇི་སྙེད་སྒྲུབ་ཀྱང་འདོད་ཆུང་ཆོག་ཤེས་དང་མི་འགལ་བ་ཡིན། དེང་ཆར་མཐོང་ཆོས་གྱུར་པའི་གཞུང་དང་སྒེར་གྱི་ཚོགས་པ་ཁག་གི་འགན་འཛིན་རྣམས་ལ་འདོད་ཆུང་ཆོག་ཤེས་མེད་པའི་རྐྱེན་གྱི་སྤྱིའི་རྒྱུ་ནོར་སྒེར་བདག་བྱས་ནས་ང་ཚོའི་སྤྱི་ཚོགས་ལ་དཀའ་ངལ་བྱུང་དང་འབྱུང་བཞིན་པ་ཡིན། དཔལ་འབྱོར་དང་སྤྱི་ཚོགསགསར་བརྗེ་དགོས་ན་མི་ལ་སྤྱི་སེམས་དགོས། སྤྱི་སེམས་ཀྱི་ཐབས་ལམ་རབ་ནི་འདོད་ཆུང་ཆོག་ཤེས་ཡིན་ནོ། དེར་བརྟེན་འདོད་ཆུང་ཆོག་ཤེས་ནི་དེང་གི་སྤྱི་ཚོགས་ལ་ངེས་པར་དུ་མཁོ་བ་ཡིན།ཡང་བླ་སློབ་ཅེས་པ་དེའི་འདྲ་མཉམ་དང་རང་དབང་འཕྲོག་གིན་འདུག་ཅེས་བརྗོད་ན་ཕ་ཡིས་བུ་ཕྲུག་གི་འདྲ་མཉམ་དང་རང་དབང་འཕྲོག་གིན་འདུག་གམ་མི་འདུག་འཕྲོག་གིན་འདུག་ན་ཕ་མི་དགོས་ཟེར་དགོས་པ་ལས་དེ་ནི་སྔར་བྱུང་མ་མྱོང་བའི་གཏམ་ཞིག་ཡིན་ལ་ཟེར་ཀྱང་མི་ནུས། འཕྲོག་གི་མི་འདུག་ན་བླ་མས་སློབ་མའི་འདྲ་མཉམ་དང་རང་དབང་འཕྲོག་དོན་གང་ཡང་མེད། བླ་སློབ་ནི་ཕན་ཚུན་ཕ་བུའི་ཚུལ་དུ་གསུངས་ཡོད། དེར་བརྟེན་ང་ཚོས་སྲོལ་རྒྱུན་གྱི་ལེགས་ཆ་གཞི་རྩར་བཟུང་བའི་རང་དབང་དང་འདྲ་མཉམ་ཐོག་བསྐྱོད་དགོས་པ་ལས་གཞི་མེད་མདུན་དུ་བསྐྱོད་པ་ནི་མིག་མེད་གཡང་ལ་མཆོངས་པ་ལས་མ་འདས། དེང་གི་ཆར་སྤྱི་ཚོགས་ནང་ནུབ་ཕྱོགས་ཀྱི་ལམ་ལུགས་གླེང་ནས་སྲོལ་རྒྱུན་གྱི་སྤྱོད་ལམ་བཟང་པོ་མང་པོ་ཞིག་དོར་བ་ནི་ནོར་འཁྲུལ་རང་ཡིན། ང་ཚོའི་སྤྱི་ཚོགས་ལ་ནུབ་ཕྱོགས་ཀྱི་ལམ་ལུགས་ནང་དགོས་པ་ནི་ནང་གི་བསམ་བློའི་གནས་ཚད་ནུབ་ཕྱོགས་པ་དང་འདྲ་མཉམ་དགོས་པ་ལས་ཕྱིའི་སྤྱོད་ལམ་ནུབ་ཕྱོགས་པ་བཞིན་དགོས་དོན་གང་ཡང་མེད། ནང་བསམ་བློའི་གནས་ཚད་ནགས་ཁྲོད་ཀྱི་མི་ཞིག་དང་ཕྱིའི་སྤྱོད་ལམ་ནུབ་ཕྱོགས་པ་ལྟར་གྱུར་ན་ཕྱི་ནང་མི་མཚུངས་པས་གཉིས་མེད་དུ་འགྱུར་ངེས་ཡིན། མདོར་ན་དེང་གི་ཆར་ང་ཚོའི་སྤྱི་ཚོགས་ལ་དཔལ་འབྱོར་གྱི་ཆ་རྐྱེན་ཅུང་ཞན་སྟབས་གང་ཟག་ཕལ་མོ་ཆེས་དཔལ་འབྱོར་ནི་བདེ་སྐྱིད་མ་ལུས་པའི་རྩ་བར་འཛིན་བཞིན་ཡོད་ཀྱང་དེ་ནི་ལེགས་པར་མ་དཔྱད་པའི་ཆད་མཐའ་ལས་ཡོངས་སུ་མ་འདས། ༧གོང་ས་མཆོག་གིས་བདེ་སྐྱིད་ཀྱི་མཐུན་རྐྱེན་ནི་དཔལ་འབྱོར་ཁོ་ན་མིན་ལ་དོན་དམ་པའི་བདེ་སྐྱིད་ཀྱི་འབྱུང་ཁུངས་ནི་ནང་སེམས་ཀྱི་སྟེང་ནས་བསྐྲུན་དགོས་ཞེས་ལུང་རིག་གཉིས་ཀྱི་སྒོ་ནས་བསྒྲུབ་པ་དེ་བཞིན་དུ་ངེད་ཅག་གིས་ཀྱང་རིག་པ་ཡང་དག་ཞིག་གིས་དཔྱད་པའི་དུས་ལ་སླེབས་འདུག་བསམ་མོ།།
No comments:
Post a Comment