མེ་ཏོག་དཀར་པོས་འཚམས་དང་འདིར་འཕེབས་པར་དགའ་བསུ་ཞུ།

ང་ནི་སྐྱེས་པ་ཁྱེད་ཀྱི་ཆེད་དུ་སྐྱེས་པ་ཡིན་ལ། འཚོ་བ་ཡང་ཁྱེད་ཀྱི་ཆེད་དུ་འཚོ་བཞིན་མཆིས། ང་ནི་ནམ་ཡང་ཁྱེད་ཀྱི་ཡིན་པས། ཁྱེད་ཀྱིས་ངེས་པར་དུ་ང་སྤྱད་རོགས།

Friday, 6 May 2011

རྒན་གྱི་ཉིན་ཐོ།

ཆོས་བཟང་སྤྲུལ་མིང་ནས་བྲིས་སོ།།
མཐའ་འཁོར་གྱི་རྒས་ཉག་ཆུངཆུང་དུ་ཨ་ཤོམ་གྱི་ཞིང་ཁ་ལེགས་པས་སྔོ་ལྗང་ལྗང་གི་དར་གོས་གྱོན་པ་དང་ ཀུན་ནས་མཚུངས། ཚ་དྲོད་ཀྱི་རྒྱུ་བའང་ཤིན་ཏུ་སྙོམས་པའི་ཡུལ་དབུས་སུ།ཆོས་སྡེ་ཆེན་པོ་ཞིག་ཀྱང་ཆགས་ འདུག་དུས་འདིར་ཆོས་སྒྲ་ལྷང་ལྷང་དུ་སྒྲོགས་པའི་ཆོས་གྲྭ་ཚོགས་འདུག་པས་འགའ་རེས་རྟགས་གསལ་བཏངཞིང་ལ་ལས་ལན་འདེབས་བཞིན་འདུག་དེ་དག་གི་ཁྲོད་ནས་ངས་ཤིན་ཏུ་གསལ་པོར་གོ་ཐུབ་པ་ནི་ཟླ་བའི་ སྐད་དེ། འོ་ཚ་་་་་་འོ་ཚ་་་་་་་འོ་ཚ།ད་ཁྱོད་ཀྱིས་གོ་བ་ཡོད་པའི་ཚད་ཞིག་ཞོགས་དང་ཞེས་རྔུལ་ནག་གིས་ ཡོངས་རྫོགས་བརླན་ཟིན་པའི་ཟླ་བ་ཡིས་བཟང་པོའི་ལན་སྒུག་འདུག་པར་བལྟས་ན།  བཟང་པོའི་དམ་བཅའ་ ཡོངས་རྫོགས་ཤོར་ཟིན་ནས་ཅི་ཡང་ལབ་སར་མ་རྙེད་པར་ལྷག་འདུག་པར་གསལ།མ་གཞི་བཟང་པོ་ཡང་ འཛིན་གྲྭ་ནང་གི་པད་ཆ་ཡག་བ་ཞིག་ཡིན་ཡང་ཟླ་བ་ནི་དེ་ལས་ཀྱང་བཟང་བ་རེད་ལ་སུ་ཡང་ངའི་གོང་དུ་ བཏང་གི་མིན་ཟེར་མཁན་ཞིག་ཀྱང་རེད།                                                                                   ཞོགས་པའི་ཆོས་གྲྭ་གྲོལ་སོང་། ཟླ་བ་འཛིན་གྲོགས་ཁ་ཤས་དང་ལྷན་རྩོད་པ་རྩོད་བཞིན་རྩོད་བཞིན་རང་གི་ ཁང་ཚན་ཕྱོགས་སུ་ཡོང་བཞིན་འདུག  །སྐབས་དེར།   ཕ་བལྟས་ཚོད་ལ་དགུང་གྲངས་ལྔ་བཅུ་ཙམ་ལ་ཟིན་ ཡོད་ཚོད་དུ་འདུག་པའི་རྒན་ཞིག་ཁང་ཚན་སྒོ་ཆེན་ནས་མར་དོན་སོང་། ཟླ་བས་གུས་ཞབས་དང་བཅས་ གཟན་མཇུག་དབབ་ནས་རྕོད་པ་རྩོད་མཚམས་ཡང་བཞག  །རྒན་འདིས་ ཟླ་བ་ལ་ལན་གཅིག་གཟིགས་ནས་ ཡིད་སེམས་ཚེམས་པའི་རྣམ་འགྱུར་ཞིག་གམ་འཛུམ་མདངས་ཞིག་ཕྱུང་ནས།   ད་མགྱོགས་ཙམ་སོང་མ་ གཏོགས་ཁ་ལགས་ད་གིན་ནས་བཏང་སོང་ད་ཟེར་ནས་ཕྱིན་སོང་།  དུས་ཀྱི་འགྱུར་འགྲོས་ནི་རླུང་གི་རང་བཞིན་དུ་སོང་བས་དེ་ལྟར་སློབ་སྦྱོང་དང་ཧུར་བརྕོན།  གཞན་ཡང་རང་ གི་རྒན་ལ་བརྩི་འཇོག་དང་གུས་བཀུར་བཅས་ཀྱིས་རང་ཉིད་ཀྱི་རྒན་ལ་ཡིད་མི་བདེ་བའི་སྣ་གཅིག་ཙམ་ཡང་ མི་འགྱུར་བ་བགྲང་བྱ་གསུམ་ཙམ་འདས།   ཉིན་ཞིག་རྒན་ལ་གྲྭ་ཚང་རིན་པོ་ཆེ་ནས་འདུ་མང་གི་འཚོ་བའི་ ཕྱིར་ཕྱི་རྒྱལ་ལ་ཕེབས་དགོས་པའི་བཀའ་གནང་།  རྒན་གྱིས་ཀྱང་ད་བར་གྲྭ་ཚང་ནས་ཟ་ཟ་ཐུང་ཐུང་བྱེད། རང་དགོས་སློབ་ལ་འབད་པའི་མཐུན་རྐྱེན་ཡོད་དགུ་གནང་མཐར་བདག་གི་ལྷག་རམས་བཏང་ཐུབ་པའི་སྐལབ་བཟང་པོ་ཡང་གྲྭ་ཚང་ཉིད་ཀྱི་བཀའ་དྲིན་ཡིན་པས།   ད་རིང་གྲྭ་ཚང་གི་ལས་དོན་ཞིག་བསྒྲུབ་པར་བཀའ་ གནང་བ་དེ་བཀའ་དྲིན་གསོ་བའི་གོ་སྐབས་གནང་བར་དགོངས་ནས་དང་ལེན་ཞུ།   ཉིན་བདུན་རྗེས་རྒན་ བདེ་ལེགས་སུ་འགྲོ་ནས་རོགས་པོ་འགའ་ཤས་མཉམ་དུ་གནམ་གྲུ་ནས་ཕྱི་རྒྱལ་ལ་འགྲོ་དགོས་པ་སོང་ཙམ།  ཟླ་བ་ཡང་།   རྒན་གཞན་པ་ཞིག་གམ་རྒན་འགྲོ་མགོན་གྱི་སྤུན་མཆེད་ཚེ་རིང་ལ་བཅོལ།    ཟླ་བ་ལ་རྒན་ འགྲོ་མགོན་གྱིས།    བདག་གྲྭ་ཚང་གི་བཀའ་བཞིན་ཕྱི་རྒྱལ་ལ་འགྲོ་དགོས་པས།   ང་ཚུར་མ་ཡོང་བར་དུ་ ཁྱོད་རང་གི་ཁ་ཐེབ་རྒན་ངའི་སྤུན་ཚེ་རིང་ལགས་རེད།   སོང་ཙམ་ཚེ་རིང་གི་ཁ་ལ་ཡག་པོ་ཉོན་ལ། འཁྱམ་ ནས་རྒྱུག་མ་བསྡད་པར་རང་དགོས་སློབ་སྦྱོང་རྣམས་ཡག་པོར་སྦྱོངས།   ཧ་གོ་ཨེ་སོང་།    ཟླ་བའི་མིག་མཐར་ མཆི་ཞགས་འཁོར་བཞིན་ལགས་སོ།   རྒན་ཡང་ཅུང་སེམས་འགུལ་ཐེབས་པའི་ངང་ཟླ་བའི་མགོ་ལ་བྱིལ་བྱིལ་ ཞིག་བྱེད་ནས་ད་ཁྱོད་རང་སེམས་སྡུག་མ་བྱེད།   ང་ཡང་འགོར་ཆེར་ན་ལོ་གཉིས་ཙམ་ལས་མི་འགོར། ད་རིང་གི་ཞོགས་པ་འདི་ཅི་འདྲ་མཛེས་ཞིང་ཅི་འདྲ་ཡིད་དུ་འོང་བ་ཞིག  །ཡིན་ནའང་ཟླ་བ་ནི་ད་རིང་ཞོགས་ པ་དེར་ཅི་ཞིག་བོར་སོང་བ་ཡིན་ནམ་ཡང་ན་ཉེ་འབྲེལ་སུ་ཞིག་ལྔ་ལམ་དུ་འགྱུར་སོང་བ་ཡིན་ན།  གང་ལྟར། ཟླ་བ་ལ་སེམས་སྡུག་འཕར་མ་ཞིག་ཡོད་པ་ཁོའི་མགོའི་སྐྲ་ལོ་ནས་རྐང་གོམ་པ་འདེབ་འཇོག་གི་བར་དུ་འཁོར་པའི་རྟུལ་བཞུགས་སྐྱུར་མོ་དག་ལས་ཤེས་ཐུབ།         དུས་ཀྱི་འགྱུར་འགྲོས་ནི་ཅི་འདྲ་ཡངས་བ་ལ།   མིག་ཟུང་བཙུམ་ཐེངས་ཞིག་ནས་ཟླ་བའི་རྒན་ཕྱིན་ཏེ་ཟླ་ གཉིས་ཙམ་ཕྱིན་ཟིན་འདུག  །ཁང་ཚན་གྱི་ཁ་ལག་འབོད་བརྡ་སྟེ།   ཁ་ལག  །ཁ་ལག ་་་་་་་་་་་་ཟེར་འབོད་ བྱུང  ཟླ་བས་ལག་ཏུ་ཕོར་པ་ཞིག་ཁུར་ནས་ཤག་སྒོ་ནས་མར་ཐོན་སོང་བ་དང་ཉི་མས་ལག་ཏུ་ཕོར་པ་ཞིག་ ཁུར་ནས།  ཝྭ་ཡེ་ཟླ་བ།  ཕོར་པ་འདི་ཕར་ཁུར་ནས་ཁ་ལག་ཟེད་རོགས་བྱོས་ཨ།  ང་མགྱོགས་པོར་སླེབས་ཡོང་།   ཕོར་པ་ཟླ་བ་ལ་སྤྲད།  ཟླ་བས་ཁ་ལག་འཛེད་ནས་ཅུང་བསྡད་རྗེས།ཉི་མས་གྲོགས་པོ་བཟང་པོ་ཡང་འཁྲིད་ནས་ སླེབས་སོང་།  ཁ་ལག་བཟའ་བཞིན་ཉི་མས།   ཨེ་བཟང་པོ།   མདང་དགོང་ཁྱོད་སྤོ་ལོ་བལྟ་རུ་ཕྱིན་པས།  འོང་ སོང་བ་ཡིན།   མདང་དགོང་མེཨལ་སེས་ཀྱིས་སྒོལ་ཚ་པོ་ཞི་པོ་ཞིག་བླུགས་སོང་ཟེར་གྱིན་འདུག  །རེད་པས། བཟང་པོ་ཧང་སང་མདོག་གྱི་རྣམ་འགྱུར་དང་སྦྲག  །ཡ་ཡུག་ཚ་པོ།  བཀག་མཁན་གསུམ་གྱི་བར་ནས་ཤོར་ཏེ་  བླུགས་སོང་།   ཀེས་སྦོལ་ལ་ནི་རེ་བ་ཁོ་རང་མི་འདུག་ཞེས།   བྱང་ཆ་ཐེབས་པའི་བཤད་སྟངས་ཞིག་གིས།  ནམ་རྒྱུན་སྤོ་ལོ་བལྟ་རུ་མི་འགྲོ་མཁན་ཟླ་བས་ཀྱང་ཉན་འདོད་ཀྱི་རྣམ་འགྱུར་ཀྱི་ངང་།  མེཨལ་སེས་ཟེར་ མཁན་དེ་གང་འདྲ་ཞིག་ཡོད་རེད་ཞེས་དོགས་ཉམས་དང་བཅས་དྲིས། ཉི་མས། འོ་ཙི།ད་ཁྱོད་རང་གི་མེཨལ་ སེས་ཀྱང་ངོ་ཤེས་ཀྱི་ཡོད་མ་རེད་པས་ཟེར་བཞིན་ལག་ཐོག་ཁ་པར་ཡར་ལེན་ཏེ།  འདི་རེད་ཞེས་ཁ་པའི་ མདུན་བརྙན་རང་ལ་བཞག་ཡོད་པའི་མགོ་སེར་ཞིག་གིས་སྤོ་ལོ་ཞིག་འདེད་ནས་ཡོང་བཞིན་པའི་པར་ཞིག་ བསྟན།  བཟང་པོས།  མི་འདིས་ཡག་པོ་རྩེད་ཀྱི་རེད་དག་ཞེས་ཁ་ཉེར་མིག་སྦྲད་ཀྱི་བཤད་ཚུལ་དེ་ལ་ཞིབ་ ན།  ཕལ་ཆེར་རང་གི་རྩ་བའི་བླ་མ་ཞིག་དྲན་ནས་ཡོན་ཏན་བརྗོད་པའི་རྣམ་འགྱུར་ལས་ཟུར་ཙམ་ཡང་མ་ འདས།  ཟླ་བས།  ཨ་ཡིན་ན།, ད་ཡིད་མ་ཆེས་ན་ཉིན་མ་བདུན་རྗེས་ལ་ཡང་བསྐྱར་འགྲན་བསྡུར་ཞིག་ ཡོད་པས། ངས་ཁྱོད་རང་འཁྲིད་ཆོག་ཟེར།  ཟླ་བས།  རྒན་ཚེ་རིང་གིས་ཤེས་ན་པད་བསགས་ཀྱི་རེད། ཉི་མས།  གད་ཡོད་མ་རེད།  མ་གཞི་ཁྱོད་རང་ནམ་རྒྱུན་སློབ་སྦྱོང་ལ་ཧུར་བརྩོན་སོང་ཙམ་ཐེངས་ཅིག་ལ་དམིགས་  བསལ་བཏང་ཀྱང་རེད། མ་ཟད་རྒན་ཁོ་རང་ཡང་སྤོ་ལོ་ལ་དགའ་པོ་ཞི་དྲག་ཡོད་རེད་བ།  ཟླ་བས།  ད་འོ་ན་ཁྱོད་རང་གིས་སྐད་བཏང་རོག་བྱོས་ཨ།  ད་རིང་ཟླ་བའི་གདོང་ལ་རྒན་ཕྱིན་པ་ནས་བཟུང་འཁོར་མ་  མྱོང་བའི་འཛུམ་ཞིག་འཁོར་ནས་ཉི་མ་ལ་མདང་དགོང་དངོས་གནས་ཡིན་མདོག་ཁ་པོ་རྩེད་སོང་།   ངས་ད་ རིང་བར་སྤོ་ལོའི་རྩེད་མོ་ལ་ལྟད་མོ་དེ་འདྲ་ཡོད་རེད་བསམ་མ་མྱོང་།  མཐའ་མ་ཡི་འགྲན་བསྡུར་ག་དུས་ཡིན་ ན་ཞེས་དྲིས།   ཉི་མས་ད་དུང་ཟླ་ཕྱེད་ཙམ་ཡོད་རེད།  ཡིན་ནའང་དེའི་དབར་དུ་སྐད་གྲགས་ཆེན་པོ་མང་པོ་ ཡོད་རེད།  སོང་ཙམ་ཁྱོད་རང་འགྲོ་འདོད་ཡོད་ན་ངས་སྐད་བཏང་ཆོག་ཞེས་བྱམས་སེམས་ཆེ་མདོག་གི་ངང་ བཤད།  འོ་ན་སྐད་བཏང་ཤོག་ཨ།  འོ་རེད། མ་གཞི་ཁ་སང་འགྲོ་བ་རྒན་གྱིས་ཤེས་ཡོད་པ་མ་རེད་ཡིན་ནའང་། ཉི་མས་ཚིག་མཚམས་བཅད་དེ་སེམས་ཁྲལ་བྱེད་མི་དགོས་པ་དེ་ཚོ་མ་བྱེད་དང་རྒན་ཁོ་རང་ཡང་འགྲོ་བ་ང་ ཚོས་མང་པོར་མཐོང་མྱོང་། རྒན་གྱིས་ཚོགས་གཏམ་འདྲ་གཏང་ཁུལ་བྱེད་ཀྱི་འདུག་ན་རྒན་ཁྱོད་རང་ཞེས་ ཟེར་ན་དེ་ག་མ་རེད་པས་། དེ་རྒན་ལ་ཁོན་ལན་སློག་པ་རེད་ངོ་མ་པད་བསགས་ཀྱི་རེད།  པད་ག་རེ་བསགས་ ཡ་ཡོད་རེད།   རྒན་ཁོ་རང་ལ་ལེན་པ་དང་སྐྱོན་མེད་ན་ཨོག་ཙམ་རེད་རྒན་ཁོ་རང་ཡང་རྟག་པར་སྤོ་ལོ་བལྟ་ རུ་འགྲོ་ཡི་འདུག   རྒན་ལ་སྐྱོན་མེད་ན་རྒན་ཕྲུག་ལའང་སྐྱོན་ཟེར་ཡོད་རྒྱུ་མ་རེད།   མི་ཡིན་པ་ནི་གཅིག་པ་ རེད།   བདེ་བ་འདོད་པ་སྡུག་བསྔལ་མི་འདོད་པ་ནི་གཅིག་པ་རེད།   སྐད་ཆ་དེས་ཟླ་བ་ལ་ཅུང་མི་དགའ་ བའི་ཚོར་བ་ཞིག་སྦྱིན་ཡང་སྤོ་ལོ་བལྟ་རུ་མཉམ་དུ་འགྲོ་བ་ལ་འབྲེལ་བ་ཟེར་ཅང་མི་འདུག་སྙམ་ནས་ལན་དང་ དགག་པ་གང་ཡང་མ་རྒྱག་པར་ཁུ་སིམ་མེར་བསྡད།  མཚན་ལྗོངས་དེ་ཅི་འདྲའི་སློབ་སྦྱོང་བྱེད་པའི་དུས་ཚོད་ཁྱད་པ་བ་ཞིག   །རང་བཞིན་ཁུ་སིམ་མེར།  རླུང་བུ་  གྲངས་བསིལ་བསིལ།  སྒེའུ་ཁུང་རྒྱབ་ནས་སྐད་ཆུང་ཆུང་གི་ངང་ཟླ་བ།   ཟླ་བ་ཞེས་འབོད་སྒྲ་ཞིག་གྲགས།     ཟླ་བས་ལམ་སང་སུ་ཡིན་པ་ཤེས་ཏེ་སྒུག་ཨ་ཟེར་བཞིན་སྒེའུ་ཁུང་ནས་གཟན་དང་སྟོད་འགག་མར་གཡུག་  ནས་དཔེ་ཆ་ཞིག་ལག་ཏུ་བཟུང་ནས་ཕྱི་རོལ་དུ་བོད་སོང་། ལྕགས་རིའི་ཕྱི་ལ་སླེབས་རྗེས་དཔེ་ཆ་བརྩིགས་པའི་   ཐོག་བཞག་ནས།  ཝ་ཡེ་ཉི་མ་ ནག་ཁུང་ནས།  ཨ་མགྱོགས་པོ་ཤོག་དང་གཟན་དང་སྟོད་འགག་འདིར་འཁྱེར་ ཡོད།  ད་འགྲོ   བཟང་པོ་སྒུག་དང་།  ཁོ་ཡང་ཡོད་རེད་པས།   ད་ཁོ་སླེབས་སོང་།   ད་འགྲོ    མུན་ནག་གིས་ གཏུམ་ཞིག་བགྲོད་ལམ་མི་བདེ་པའི་མཚན་གཞུང་དེར་དཀའ་ངལ་འདི་འདྲ་རྒྱག་པ་མི་ཚེའི་མཐར་ཐུག་གི་ དམིགས་ཡུལ་ཆེད་དུ་ཡིན་ནམ།   ད་དུང་སེམས་ནང་དགའ་བ་སྒོམ་བཞིན་ཁང་ཚན་རྒན་མགོ་སྐོར་ཡག་པོ་ ཞིག་བཏང་བ་ཡིན་ཟེར།   སྐབས་དེར་ཟླ་བའི་སེམས་ལ་ཅི་ཞིག་གི་གདོན་འདྲེ་བཞུགས་པ་ཡིན་ན་རང་གི་ དམིགས་ཡུལ་མི་དྲན་ལ་རང་གི་ཕ་མའི་བསླབ་བྱ་དེ་བས་མི་དྲན།  ངོ་མ་སྡིག་པའི་གྲོགས་པོ་རྟག་ཏུ་སྤངས་བྱ་ ཞིང་ཞེས་པའི་གནད་དེ་ཡང་འདི་ཡིན་པ་འདྲ།   དེ་ནས་ཅུང་མ་འགོར་བ་སྤྲིན་ནག་སྟུག་པོའི་གསེང་ནས་ གློག་དམར་འཁྱུག་ཞིང་འབྲུག་སྒྲ་སྒྲོག   རླུང་འཚུབ་ལྡང་བཞིན་ཆར་དྲག་རྒྱབ།  གློག་དམར་འཁྱུག་ཐེངས་རེ་ ནས་ཅུང་ཙམ་རྒྱང་རིང་ན་ནག་ཡོར་ཡོར་དུ་འགྲོ་བཞིན་པའི་གྲྭ་པ་འགའ་དང་ཁོ་ཚོ་གསུམ་བཅས་རྒྱ་གར་མི་ཚང་ཞིག་གི་ཕྱོགས་སུ་བག་འཕེལ་ངང་ནས་འགྲོ་བཞིན་འདུག་པ་ཚོར་ཐུབ།   ཆར་པ་ཡང་སྐྱེངས་པ་བཞིན་  འབབ་རྒྱུན་ཆད་།   རྒྱ་གར་མི་ཚང་དེའི་སྒོ་འགྲམ་དུ་སླེབས་སོང་།  ཉི་མས་སྒོ་བརྡུང་པས་རྒྱ་གར་མི་ཚང་དེའི་ མ་རྒན་གྱིས་སྒོ་ཕྱེ་བྱུང་། ཉི་མ་དང་བཟང་པོ་མཐོང་བ་དང་དོན་ཅི་ཡོད་མེད་ཤེས་ནས་རྒྱ་གར་སྐད་ཐོག་ནས།  ཡར་ཤོག   །ཡར་འཛུལ་བ་དང་ནང་ལོག་ན་འུར་ཆེམ་ཆེམ་དང་ཚ་བ་དང་གྲིབ་ནག་གི་དྲི་མ་འཚུབ་འཚུབ་   ངང་གྲྭ་པ་བཅུ་ལྔ་ཙམ་ཁང་པ་ཆུང་ཆུང་དེ་ནང་འཚང་ཞིང་འདུན་གྱི་གྲྭ་པ་ཚོ་ས་རུ་བསྡད་ལ་རྒྱབ་ཀྱི་གྲྭ་པ་ ཚོ་ཡར་ལང་ནས་ཐམས་ཅད་བལྟད་མོར་གཡེང་འདུག    ཟླ་བས་ཕར་ལྟ་ཚུར་ལྟ་ཞིག་བྱེད་དུས་དངོས་གནས་ རྒན་ཚེ་རིང་ཀྱང་ཟུར་ཞིག་ན་ཡར་ལང་ནས་ལྟད་མོ་ལ་ཁ་ཕོར་པ་ཙམ་ཞིག་གདང་ནས་ལྟད་མོར་གཡེང་ འདུག   རྒན་གྱི་ངང་ཚུལ་དེ་མཐོང་དུས་ཁོག་འཛུམ་ཞིག་ལངས་ནས་དངོས་གནས་སྤོ་ལོའི་ལྟད་མོ་དེ་སྡུག་བ་
ཟེར་གང་མིན་པ་འདྲ་རྒན་ཡང་ཕེབས་ཀྱི་ཡོད་འདུག་བསམ་བཞིན་ལྟད་མོར་ལྟ།   ཆུ་ཚོད་དང་པོ་དང་ཕྱེད་ ཀ་ལྷག་ཟིན་ཚར་འདུག་གཞི་ནས་སྤོ་ལོ་རྩེད་མཚམས་བཞག་སོང་།   སླར་ཡང་ཆར་པ་ཤུགས་ཆེན་པོ་འབབ་ སོང་།   དེ་ནི་དངོས་གནས་སྤོ་ལོ་ལྟ་བའི་ཉེས་ཆད་ཞིག་ཡིན་ཀྱང་སྲིད།  འོན་ཀྱང་ཁོ་ཚོ་ནི་ཆར་པ་ལ་མི་ འཇིགས་ཞིང་རླུང་དམར་ལ་སྐྲག    ད་དུང་བྱབ་མེད་པའི་སྐད་ཆ་འགའ་བཤད་བཞིན་འདམ་བག་གི་ཁྲོད་དུ་ ཡོད་ཚད་བདེ་བར་རློམས་ནས་སྐུ་ངལ་འཛིམ་མེད་ངང་ཕེབས་བཞིན་འདུག   །ད་ཁང་ཚན་དུ་སླེབས་སོང་།  ཆུ་ཚོད་གཉིས་པ་ལྷག་ཟིན་འདུག་ཀྱང་ད་དུང་ཁང་ཚན་རྒན་གྱིས་མཐོང་ཡོང་སྙམ་ནས་ཆུ་ཞིག་ཀྱང་རྒལ་མ་ཕོད་པར་འདམ་བག་ཧྲུལ་ཧྲུལ་ངམ་རློན་ཤིག་ཤིག་ཏུ་མལ་སར་འཛུལ།  སྒོ་ཐག་་་་ཐག་་་་ཐག་་་་་བརྡུང་བྱུང་བ་དང་ཟླ་བ་གཞི་ནས་གཉིད་ལས་སད།   ནམ་རྒྱུན་ཟླ་བ་སུས་ཀྱང་སློང་ མི་དགོས་པར་སྔ་པོར་ལངས་ནས་སློབ་སྦྱོང་བྱེད་མཁན་ཞིག་ཡིན་ཡང་ད་རིང་ཅི་ཞིག་གིས་གྲིབ་པ་ལྟར་ཆུ་ ཚོད་དྲུག་པ་ཟིན་ནའང་ད་དུང་གཉིད་དུ་ཡུར།   ཟླ་བས།   ཁང་ཚན་རྒན་ཡིན་པ་ཤེས་ནས་ལམ་སང་ཡར་ ལངས་ནས་སྒོ་ཕྱེ་དུས།  ཁང་ཚན་རྒན་གྱིས་ད་རིང་ག་རེ་བྱས་སོང་།  ན་ཡི་འདུག་གམ།  མགོ་འཕྲུག་འཕྲུག་ འགའ་བྱས་ནས་མི་འདུག    ཁང་ཚན་རྒན་གྱིས་ཟབ་ནན་ཞིག་བལྟས་ནས་ཕྱིན་སོང་།  དཔེ་ཆ་དེ་ཁུར་ཏེ་ ཁང་ཐོག་ཏུ་སོང་ནས་བློ་ལ་འཛིན་ཁུལ་འདྲ་འགའ་བྱས་ཀྱང་རིམ་གྱི་མུག་ནས་གཉིད་དུ་ཡུར། འདི་ལྟར་གྲོགས་ངན་གྱི་དབང་དུ་སོང་ནས་རྣམ་གཡེང་དངགཏི་མུག་གིས་མནར་ནས་ཟླ་ཕྱེད་ཙམ་འདས་ ཀྱང་རྒན་ཚེ་རིང་གིས་མ་མཐོང་པ་ཡིན་ནའང་འདྲ་མཐོང་ཡང་ལབ་མ་ཐུབ་པ་ཡིན་ན་འདྲ་གང་ལྟར་ཟླ་བ་ ལ་སྙིང་ཉེ་བའི་ཚོགས་གཏམ་ཞིག་ཀྱང་གཏང་མཁན་མ་རག་པར་འདས་སོང་།   ཟླ་བས།  ཉི་མ་ལ་ད་མདང་ དགོང་མཇུག་བསྒྲིལ་ཚར་བ་རེད།  ད་དཔེ་ཆ་ཡག་པོ་ཞིག་བལྟས་ན་མ་གཏོགས་ཞེས་དབུགསརིང་ཞིག་བཏང་ ནས་བཤད།  ག་རེ་སྐྱིད་པོ་མི་འདུག་གམ།  ད་ལོ་བཞིའི་རྗེས་བར་གོ་སྐབས་ཡོད་པ་མ་རེད། ལྟད་མོ་བྲོ་བ་ཆེན་ པོ་དེ་འདྲ་རྫོགས་ན་སེམས་ལོས་སྐྱོ  །ཉི་མས་རྫོགས་ཡ་ཅིག་དང་ཡོད་མ་རེད།  སང་ཉིན་གནང་ཉིན་ཡང་ སྐྱར་རུ་ཁག་རུ་ཁག་བསྡུར་རྒྱུ་ཡོད་རེད།  རྒྱལ་ཁབ་རྒྱལ་ཁབ་བསྡུར་བ་ལས་བྲོ་བ་ཞི་དྲག་གི་ཆེ་ཡི་རེད།  ཨ།  རུ་ཁག་རུ་ཁག་གང་འདྲ་ཟེར་བསྡུར་གྱི་རེད་ཞེས་དྲིས་པར་ཉི་མས་ཆད་ལྷག་མེད་པར་བསྡུར་སྟངས་དང་ སྐད་གྲགས་ཅན་གྱི་མི་སྣ་དེ་དག་རུ་ཁག་དེ་དང་དེ་ནང་ཡོད་རེད་ཅེས་ཞིབ་ཅིང་ཕྲ་བ་བཤད་པས་ཟླ་བ་སྤྲོ་བ་རབ་ཏུ་བརྟས་བཞིན།   ཨ་ལེ།  མི་ཚེ་གང་པོ་སྤོ་ལོ་ཡི་ལྟད་མོ་ཡོད་ཡོད་པ་རེད་པས།  ཡིན་ཡིན་པ་རེད་བ་   ཞེས་གདེང་ཚོད་ཆེ་མདོག་གི་ངང་བཤད།                                                                                  ཡོན་ཏན་ནི་སློབ་ཀྱང་ཤེས་དཀའ་ལ་སྐྱོན་གྱི་དྲི་མ་དག་ནི་མ་བསླབ་ངང་གིས་འགོས་འགྲོ་བ་ནི་འཇིག་རྟེན་ གྱི་ཆོས་ཉིད་ཅིག་ཡིན་ན།   ཟླ་བ་ཡང་དེ་རིང་གཤམ་ཐབ་ནི་རྐུབ་ཐོག་ཏུ་འཆིང་ཤིང་འདབ་མ་ནི་ཐོ་དོ་མ་ ཟིན་ཙམ་ཞིག་མར་གཡུ། སྟོད་འགག་ནི་ཐུང་དྲག་རྔུལ་ལེན་ནི་རིང་དྲག་ད་དུང་རྔུལ་ལེན་ནི་རྐུབ་ཐོག་ཏུ་ རིང་པོ་མར་ཐེན་པས་འདུ་ཁང་ཐོག་གི་རྒྱལ་མཚན་དང་གཉིས་སུ་མ་འཆིས།  སོ་རྐན་དང་མཆུ་ཏོ་བར་དུ་ཁ་ ཉེས་ཞིག་ཅུག  །གཟན་སྣེ་གཡས་ཕྲག་པ་གཡས་དང་གཟན་སྣེ་གཡོན་ཕྲག་པ་གཡོན་ལ་རྒྱབ་ནས་ཧ་ལམ་བུ་ ཁོ་རང་མ་གཏོགས་མེད་པའི་ཟོལ་དུ་བྱེད་ནས།  ཀེད།  ཉི་མ་ང་སྡུག་སྐྱག་ཞེ་པོ་ཞིག་ཆགས་འདུག་གམ།   དེ་རིང་རྒན་གྱིས་ཁ་པར་སླེབས་སོང་།  ང་ལ་རྙོག་དྲ་མང་བ་ཅིག་བཤད་ཀྱིན་འདུག  །ཟ་འདྲེ་སུ་ཞིག་ཡིན་ན་ རྒན་ལ་དཀྲུག་ཤིང་རྒྱབ་འདུག་ཧག་གོ་སོང་ན་ལྟད་མོ་དེ་ལྟོས་ཨ།  ད་རྒན་ཡང་མགྱོགས་པོ་ཡོང་མཁན་རེད་ འདུག་ཅེས་དགའ་སྣང་གི་རྣམ་འགྱུར་ལས་ལྡོག་སྟེ་བཤད་བཞིན་གདོང་སོའི་བར་ནས་ཙེར་སྒྲ་དང་བཅས་ཏེ་ ཁ་ཉེས་ཀྱི་ཁུ་བ་ཐེངས་ཅིག་འབྱིན།  ཁོ་གཉིས་བསྡད་སའི་ཉེ་འགྲམ་གྱི་ས་ཆ་ཆུང་ཆུང་ཞིག་སྦད་དེ་ཁ་ཉེས་ཁུ་ བས་བརླན་ཟིན་འདུག   །དད་སེམས་ཆེ་བའི་རྣམ་འགྱུར་ཙམ་ལས་ཀྱང་བོད་ནས་ཡོང་མ་ཐག་པ་ཡིན་པ་ དཔོག་ཐུབ་པའི་རྨོ་རྨོ་གཉིས་སྐོར་ལམ་དུ་ཁེལ་བས་ཁོ་གཉིས་ལ་གུས་ཞབས་དང་བཅས་ཕར་ཕར་སོང་བས་ཁོ་ གཉིས་ཀྱི་འགྲམ་དུ་སླེབས་དུས་ཧང་སང་མདོག་གི་ངང་སྣ་ཁུང་ལག་པས་འགེབས་ནས་ཕྱིན་སོང་།    ཅུང་མ་ འགོར་བར་གློ་བུར་དུ་ཁང་ཚན་རྒན་འདུན་དུ་མཆོང་ཡོང་ནས་རྟ་ལྕགས་དུ་བ་ཁོལ་དགོས་པ་འགའ་ཞོས་ ནས།   ངས་སྔོན་མ་ནས་ཁ་ཉེས་ཟ་མི་མཆོག་ཟེར་ཐེངས་ག་ཚོད་ལབ་སོང་།   ད་དུང་སྐྱག་སྐྱག་ཡིན་མདོག་ མདོག་རེད་པས། མི་རེ་རེ་གཅིག་གཉིས་ཀྱིས་གདན་ས་གྲྭ་ཚང་གི་ཞབས་འདྲེན་མ་ཡོང་།  འདི་འདྲ་ཟ་འདི་ ཁྲབ་རྒྱུ་ཡོད་ན་གཤམ་ཐབ་དེ་ཤུས་དང་ཟ་ས་ཡོད་རེད་ལ་ཁྲབ་ས་ཡོད་རེད།   ད་བསྟན་བཤིག་འཁྲབ་ཚོད་ བཟུང་ན་ཡག་ཡོང་།  ཟེར་ནས་ཕྱིན་སོང་།  ཟླ་བས། བལྟས་ངན་ག་རེ་འདྲ་གཅིག་ཡིན་ན་ཟེར་བཞིན་ཡང་ བསྐྱར་ཁ་ཉེས་ཀྱི་ཁུ་བ་དེ་གཅིག་འབྱིན།                                                                                  ཞོགས་པའི་ཉི་མ་གཞོན་ནུས་བསིལ་འཇམ་གྱི་རླུང་བུ་དགར་མར་བཞེས་ཏེ་འཇིག་རྟེན་མི་ཡུལ་ཕྱོགས་སུ་བྱོན་པར་བྱ་བྱིའུ་ར་ལུག་སོགས་ཀྱིས་དགའ་བསུ་རྟེན་འབྲེལ་དུ་སྙན་པའི་གླུ་དབྱངས་སྣ་ཚོགས་ལེན་བཞིན་འདུག་ལ་སློབ་ལ་བརྩོན་པའི་གཞོན་ནུ་དང་འཕྲོད་བསྟེན་ཆེ་བའི་རྒན་རྒོན་རྣམས་ཀྱིས་ཀྱང་ཁང་ཐོག་དང་ལམ་ འགྲམ་དག་ཏུ་དགའ་བསུ་ཞུ་བཞིན་འདུག་ཡ།    ཉི་མས།  ཝ་ཡེ།  ད་རིང་སྤོ་ལོ་རྩེ་རུ་འགྲོའམ།   ད་རིང་ང་ སླེབས་ས་མི་འདུག   རྒན་གཅིག་བྱས་ན་ད་རིང་འདི་རུ་སླེབས་མདོག་ཁ་པོ་རེད་སོང་ཙམ་ང་སླེབས་མ་སོང་ དགོངས་དག    ཉི་མས་སྦེང་ལོར་དང་འདི་དབར་དུ་ཆུ་ཚོད་ལྔ་ཡི་ལམ་ཀ་རེད།   ཆུ་ཚོད་གཉིས་རྩེད་ནས་ ཡར་ཡོང་ལོག་ཆོག་གི་རེད་ཟེར་ནས་འཁྲིད་སོང་།      སྤྱི་སྤྱོད་རྐང་གསུམ་སྦག་སྦག་ལ་བསྡད་ནས་སྐར་མ་ ཉི་ཤུ་ཙམ་འགྲོ་རྗེས་གཞི་ནས་སྤོ་ལོ་རྩེད་ཐང་ཤིག་ཏུ་སླེབས་སོང་།  ཁོ་ཚོ་དེ་རུ་བབ་ནས་ཅུང་སྒུག་རྗེས་ཡང་ སྐྱར་སྦག་སྦག་ཅིག་སླེབས་སོང་།   ཁྱོན་སྡོམ་ནས་མི་བཅུ་ཏག་ཏག་འདུག   ཁོ་ཚོས་ཁག་གཉིས་སུ་བསྒོས་ནས་ རྩེད་སོང་།  འགྲུལ་ལམ་པ་སྤོ་རྨོ་ཁ་ཤས་ཀྱིས་དེང་སང་གྲྭ་པ་དེ་ཚོ་གང་འདྲ་ཞིག་ཡིན་ན་རྒན་གྱིས་བསླབ་བྱ་ རྒྱག་གཏང་མ་འགྲིག་པ་ཡིན་ས་འདུག   །ཡང་ན་དུས་ཚོད་ཀྱི་དབང་གི་ཡིན་ན་འདྲ་གང་ལྟར་གཅིག་འགྲིག་ གི་མི་འདུག    །ཡང་ཅིག་གིས།  ང་ལ་ཚ་བོ་ཅིག་ཡོད།  དེ་གྲྭ་པ་བཟོས་བསམ་གྱི་འདུག་ཡིན་ནའང་།  དབུགས་རིང་ཞིག་གཏང་ནས་ད་བྱེད་ཕོད་ཀྱི་མི་འདུག   །ཡང་སྤོ་ཞིག་གིས།  གྲྭ་གཞོན་རེ་རེ་གཅིག་གཉིས་ ཀྱིས་གྲྭ་པའི་སྤྱི་ཚོགས་ལ་རྨ་བཏབ་པ་རེད་མ་གཏོགས་སྤྱི་ཡོངས་ནས་བཤད་ན་དངོས་གནས་ཡག་པོ་རེད།  མ་གཞི་སྤོ་ལོ་རྩེད་པ་དེ་སྡུག་པ་ཟེར་གང་རེད་མི་འདུག་པ་མ་ཟད་ད་དུང་ལུས་པོ་ལའང་སྦྱོང་བརྡར་ཐེབས་  པ་ཡག་པོ་འདུག   །སྔར་གྱི་རྨོ་དེས་སྤོ་རྡོ་རྗེ།   ངས་ལབ་ཡ་དེ་སྤོ་ལོ་གཅིག་པོ་ལབ་ཀྱི་མེད་ད།  གྲྭ་བ་ཁ་ཤས་ ཀྱིས་གྱོན་རྒྱུ་སངས་རྒྱས་ཀྱི་ན་བཟའ་ཡིན་ནའང་གོན་སྟངས་སྤྱོད་པ་ངན་མདོག་ཁ་པོ་ཞིག་གོན་གྱི་འདུག་། ད་དུང་ཁ་ཉེས་ཀྱི་རིགས་ཟ་ཡི་འདུག   །སྤོ་རྡོ་རྗེས་ཚིག་མཚམས་བཅད་དེ།   ད་གཡུག་ཞོག་གྲྭ་པའི་སྤྱི་ཚོགས་ རྒྱ་མཚོ་ཆེན་པོ་རེད་ནོར་བུའི་འབྱུང་ཁུངས་རེད་ཡིན་ནའང་སྦལ་པ་དང་ཆུ་སྲིན་ཡང་ཡོད་པ་བཞིན་རེད་ཨོྂ་ མ་ཎི་པདྨེ་ཧཱུྂ་་་་་་་་་་་མདོན་བཞིན་ཕྱིན་སོང་།  ཝ་ཡེ་ཟླ་བ་ཁྱོད་རང་གི་ཁ་པ་སྐད་རྒྱབ་ཀྱི་འདུག་དག   །ཟླ་བས་ཁ་པ་ཉན་མ་ཐག   །ཨ་་་་ག་རེད་རྒན་སླེབས་སོང་ཨེ་ཞེས་བྲལ་ཚུབ་དུ་གྱུར། ཆུ་ཚོད་ལ་ལྟ་དུས་སྤོ་ལོ་རྩེད་ནས་ཆུ་ཚོད་གསུམ་ལྷག་འགྲོ་ཟིན་འདུག   །ད་ ཁྱོད་ཚོ་བསྡད་ཨ་ང་འགྲོ་ན་མ་གཏོགས་བྱུང་མ་སོང་ཟེར་བཞིན་རྒྱུག་སོང་།  ཡར་སླེབས་པ་དང་རྒན་མི་ གཞན་པའི་ཤག་ལ་བསྡད་འདུག    །མགྱོགས་པོ་སྒོ་ལྕགས་ཕྱེ་ནས་རྒན་འགྲམ་དུ་སོང་གྲབ་ཞིག་བྱས།   འོན་ཀྱང་ཅི་ཞིག་ལབ་དགོས་མིན་མི་ཤེས་པས་སྒོ་ཕྱི་རུ་ཅུང་སྒུག་དུས་རྒན་འགྲོ་མགོན་སྒོ་ཕྱི་རུ་འདོན་བྱུང་།  ཡ་ཟླ་བ་སླེབས་ཚར་ཡིན་པས།   ཅ་ལགས་དེ་ཚོ་ཕར་འཁྱེར་དང་ཞེས་གསུངས་ནས་ནང་ལ་འཛུལ་སོང་། རྒན་གྱི་ཞལ་ལ་བལྟས་ན་ཞལ་ཆེར་རླུང་ལངས་ཡོད་ས་མི་འདུག་སྙམ་ནས་སེམས་ཅུང་ལྷོད་ལ་འབབ་ནས་ རྒན་གྱི་ཅ་ལ་དེ་ཚོ་ཕར་འདྲེན་ཇ་ཞིག་བཟོས་ནས་རྒན་ལ་ཇ་ཞིག་བླུག    །ངག་འཇམ་པོའི་ཐོག་ནས་རྒན་ གྱིས།  ཟླ་བ་དེང་སང་སློབ་སྦྱོང་ཅི་འདྲ་བྱེད་ཀྱི་ཡོད་ཞེས་དྲིས།  ཟླ་བས་ཅང་མི་སྨྲ་བར་མགོ་འཁྲུག་བྱེད་ནས་ བསྡད།  སླར་ཡང་ངག་འཇམ་པོའི་ཐོག་ད་གད་ཡོད་མ་རེད།  ད་ལྟ་འཛིན་གྲྭ་གཞོན་པ་རེད་མ་ཤེས་ནའང་ སྐྱོན་ཆེན་པོ་ཟེར་གང་མེད།   སྐབས་བཞི་པ་བར་དུ་དཔེ་ཆ་ཤེས་མ་ཤེས་ཐག་མི་ཆོད་པས།  སང་ཉིན་ནས་ བཟུང་དཔེ་ཆ་ཡག་པོ་བལྟོས་ཤོག་ལ་སང་ཉིན་ཉིན་གུང་ཆུ་ཚོད་གཉིས་པའི་ཐོག་དཔེ་ཁྲིད་ཤོག   །སྐྲ་ཡང་ རིང་དྲག་འདུག་སྐྲ་བཞར་འཕྲུལ་ཆས་གསར་པ་ཞིག་སྤྲད་ནས་འདི་ཁྱོད་ལ་བརྔན་པ་པ་ཡིན་གཤམ་ཐབ་དེ་ ཚོ་ཡང་ཡག་པོ་གོན་ཤོག  །ང་ཚོ་དགེ་འདུན་པ་ཞིག་ཡིན་པས་ཆ་ནས་དུས་ནམ་ཡང་གང་བྱུང་དུ་བྱ་མི་རུང་ དེ་བས་ཀྱང་ཁྱིམ་པ་ཕན་བྱེད་ཀྱི་ལས་བསགས་མི་རུང་།  ཕྱི་ན་ཉན་ཐོས་སྤྱོད་པས་ཞི་ཞིང་འདུལ་བ་དང་ནང་ དུ་ཤེས་ཡོན་བྱམས་སྙིང་བཅས་ཀྱི་རྒྱུད་ཕྱུག་པ་ཞིག་ངེས་པར་དུ་བྱེད་དགོས། ཞེས་བཀའ་གནང་།  འོན་ཀྱང་ ཟླ་བ་ནི་ཚོར་མེད་ཀྱི་ཤིིང་སྡོང་ཞིག་དང་འདྲ་བར་ཀྲོང་ངེར་ལངས་བ་ལས་ཉི་མ་དང་བཟང་པོ་སོགས་ཅི་ཞིག་ བྱེད་ཀྱི་ཡོད་མེད་ཕྱོགས་བསམ་བློ་གཏང་བ་ལས་རྒན་གྱི་བསླབ་བྱ་ནི་ཨམ་ཅོག་རྒྱབ་ཀྱི་རླུང་བུ་ཞིག་ལས་ གཉིས་སུ་མ་ཆེས།  ཟླ་བ་རྒན་མདུན་དུ་དཔེ་ཁྲིད་འགྲོ་ཁུལ་བྱེད་ཀྱང་རྒན་གྱིས་ཇི་ཙམ་ཞིབ་ཕྲ་ཁྲིད་ཀྱང་ཡང་ ན་ནི་སེམས་གཡེང་ནས་མ་གོ་བ་དང་ཡང་ན་གཉིད་གཅོག་རྒྱབ་ནས་མ་གོ་བ་རྐྱང་རྐྱང་ཞིག་ལས་ད་རིང་ འདི་གོ་སོང་ཟེར་རྒྱུ་ཞིག་ད་ལྟ་བར་དུ་རྒན་མདུན་དུ་དཔེ་ཁྲིད་འགྲོ་ནས་ཟླ་གཉིས་ཙམ་ཕྱིན་ཟིན་ཀྱང་སྟོན་རྒྱུ་ མེད།  ད་དུང་གཤམ་ཐབ་གྱོན་སྟངས་ཚོ་ཡང་འགྱུར་བ་ཅིག་ཀྱང་འགྲོ་མི་འདུག     ལོ་ཉི་ཤུ་ལྷག་ཟིན་ཟིན་པའི་མི་ཞིག་ལ་བཤད་ནས་མ་ཉན་ན་དངོས་གནས་བཅོས་ཁག་པོ་ལོས་ཡིན།   རྒན་འགྲོ་མགོན་ཡང་ཁག་ཅི་ལ་ཡོད།  ཉིན་འགའ་ཡི་སྔོན་དགོན་པའི་སྨན་ཁང་ནས་ཡར་འཕེབ་བྱུང་སྐུ་ཤ་  ཡང་སྐམ་དུ་ཞི་དྲག་ཕྱིན་འདུག་ལ་གདོང་གཤིས་ཀྱང་ཧ་ཅང་སྐྱོ་བོ་འདུག   །ནམ་རྒྱུན་རྒན་འགྲོ་མགོན་ནི་ སྣང་བ་སྐྱིད་པོའི་མི་ཞིག་ཡིན་ཡང་དེ་རིང་གློ་བུར་དུ་སེམས་སྡུག་འཕར་མ་ཞིག་གིས་གནོན་ཡོད་པའི་རྣམ་ འགྱུར་ནི་ཟླ་བ་ཉིད་ཀྱི་ཆེད་དུ་རེད་ཅེས་ངས་ཁ་མཚོན་བཅད་ནས་བཤད་ཐུབ།ད་དུང་ངས་སྐད་ཆ་མི་སྙན་ པ་ཞིག་ཀྱང་གོ་བྱུང་།  དེ་ནི་མདང་དགོང་རྒན་འགྲོ་མགོན་སྙིང་ནད་ཀྱིས་ཤི་གྲབ་ནས་འཛག་དྲག་ཐོག་གྲོང་ ཁྱེར་གྱི་སྨན་ཁང་དུ་འཁྱེར་སོང་ཟེར་རྒྱུ་དེ་རེད།   ད་གིན་ཟླ་བ་ཡང་ཉལ་ཆས་ཞིག་འཁྱེར་ནས་རྒན་རྩ་རུ་ འགྲོ་ཡི་ཡིན་ཟེར་ནས་ཕྱིན་སོང་།   ཡིན་ནའང་ཁོའི་རྣམ་འགྱུར་ལ་བལྟས་ན་ཁོ་རང་གིས་ད་དུང་རྒན་སྙུང་ པའི་རྒྱུ་རྐྱེན་ཤེས་ཡོད་ཚོད་མི་འདུག   །རྒན་གྱི་ཁ་འདོན་དཔེ་ཆ་ལེན་དུ་ཡོང་ཡིན་ཟེར་ནས་ཟླ་བ་ཡར་ སླེབས་སོང་།  ཁ་འདོན་དཔེ་ཆ་འཚོལ་དུས་ཁ་བྱང་དུ་༼ཚོར་སྣང་ཉིན་ཐོ་༽ཞེས་བྲིས་པའི་ཅུང་རྙིང་ཞིང་ མཐུག་པའི་ཉིན་ཐོ་འབྲི་དེབ་ཞིག་དཔེ་སྒམ་དུ་འདུག    ཟླ་བས་ཁ་བྱང་ཚར་གཅིག་ཀློག་ནས་ཨ་རྒན་གྱིས་ ཉིན་ཐོ་འབྲི་ཡི་ཡོད་འདུག   །འདི་མ་གཞི་རྒན་གྱི་སྐྱིད་སྡུག་གི་ཚོར་སྣང་བྲིས་དེབ་ཞིག་ཡིན་ནམ་ཟེར་བཞིན་ ཟུར་གྱི་རྐུབ་སྟེབ་ཐོག་བསྡད་ནས་ཉིན་ཐོ་ཀློག་འགོ་འཛུགས།  ཉིན་ཐོ་འདི་ནི་རྒན་དགེ་བཤེས་ཀྱི་ཉིན་ནས་ འགོ་འཛུགས་ཏེ་སྐྱིད་སྡུག་གི་ཚོར་སྣང་འབྲི་དེབ་ཅིག་ཡིན་འདུག་ ཟླ་བ་དང་འབྲེལ་མེད་དེ་ཚོ་གཅིག་དང་ གཉིས་ཞུ་མི་དགོས་པར་མཁྱེན་༽རྒན་གྱི་བློ་རྒྱ་དང་ཐུགས་བསམ་གཞན་ཡང་སྙིང་སྟོབས་བཅས་ཀྱི་ཟླ་བ་ཡང་ སེམས་དགའ་ཞིང་ཡིད་རངས་ལ་ལྷག་པར་དད་པར་འགྱུར།  ཟླ་བ་དང་འབྲེལ་བའི་ཉིན་ཐོ་དག་འགོད་ན།  
༢༠༠༠ལོའི་ཟླ་༡ཚེས་༥ཉིན།                                        ད་རིང་བདག་ལ་སྤྱང་གྲུང་འཛོམས་པའི་དགེ་ཕྲུག་ཤིག་ཐོབ་སོང་ཡང་དེ་སྔོན་བདག་ལ་དགེ་ཕྲུག་གཉིས་ཙམ་ཐོབ་ཟིན་ཀྱང་རང་ཉིད་ཀྱི་བལྟ་སྟངས་ཀྱི་ཆ་ནས་ནོར་བ་ཡིན་ནམ་ཡང་ན་དགེ་ཕྲུག་གི་ངོ་ནས་མ་འགྲིག་པ་ཡིན་ན་གང་ལྟར་ཡག་པོ་ཞིག་ཆགས་མ་སོང་བས་ཁོ་ལའང་བདག་སེམས་ཁྲལ་ཧ་ཅང་གི་ཆེ།  ཡིན་ནའང་ངས་གང་ཐུབ་ཅི་ཐུབ་ཀྱི་དགེ་ཕྲུག་ཟླ་བ་ཡག་པོ་ཞིག་ཆགས་པར་འབད་བརྩོན་བྱེད་ཀྱི་ཡིན།  རྒྱུ་མཚན་ནི་གལ་སྲིད་ཁོ་ཡག་པོ་ཞིག་མ་ཆགས་པ་ཡིན་ན་ཁོའི་མི་ཚེའི་མདུན་ལམ་ཧ་ཅང་སྐྱོ་བོ་ཞིག་ཏུ་ཕལ་ཆེར་ངེས་འགྲོ   །གྲྭ་སའི་རྒན་ནི་དགེ་ཕྲུག་དེའི་ཕ་མ་ཟེར་ན་གཉེན་ཉེ་ཟེར་ན་ཚང་མ་དེས་བྱེད་དགོས། དེའི་ཕྱིར་ཕ་མས་དུས་ནམ་ཡང་རང་ཉིད་ཀྱི་བུ་ཕྲུག་མདུན་ལམ་བཟང་པོ་ཞིག་ལ་རེ་ན་གྲྭ་སའི་དགེ་རྒན་དག་ཀྱང་ལྟ་ཅི།།
༢༠༠༠ལོའི་ཟླ་༣ཚེས་༡༠ཉིན།                                                                                      ད་རིང་བདག་སེམས་ཧ་ཅང་གི་སྤྲོ།   ཅི་ཡིན་ཞེ་ན་ཟླ་བ་ཡིས་རྩེད་ཕུལ་ཀྱི་གྲུབ་འབྲས་ལེན་འདུག་ལ་ནམ་  རྒྱུན་ནས་སློབ་སྦྱོང་ཡག་པོ་བྱེད་ཀྱི་འདུག་པས་བདག་གི་བསམ་དོན་ཀྱང་ཉེ་ཞིང་ཁོ་རང་ཡང་དོན་སྙིང་ལྡན་པའི་མདུན་ལམ་ཞིག་གི་ལམ་སྣེ་ན་གོམས་ཁ་ཕྱོགས་བཞིན་འདུག  །ངོ་མ་ངས་བསམ་བློ་ཅི་འདྲ་ཞིག་བཏང་ ཀྱང་གདན་ས་འདི་ནི་འོད་སྟོང་ལྡན་པའི་ལམ་ཆེན་འཚོལ་ས་ཞིག་བསྙོན་དུ་མེད་པ་རེད་འདུག་སྙམ།།
༢༠༠༢ལོའི་ཟླ་༡ཚེས་༩ཉིན། ད་རིང་བདག་གྲྭ་ཚང་རིན་པོ་ཆེའི་བཀའ་ལྟར་ཨ་རིས་སུ་འགྲོ་རྒྱུའི་ཁས་ལེན་བྱེད་ཟིན་པ་ཡིན།  ད་འགྲོ་རྒྱུ་ ཡང་ཉིན་འགའ་ཞིག་ལས་མི་འདུག་བདག་སེམས་ཁྲལ་ཆེ་ཤོས་ནི་བདག་གི་དགེ་ཕྲུག་ཟླ་བ་ཅི་འདྲ་བྱེད་ཡོང་བསམ་གྱི་འདུག  །ད་ལྟ་གསར་པ་ཡིན་དུས་རས་དཀར་པོ་ཞིག་དང་ཨ་ན་མ་ན་རེད།  བདག་ཨ་རིས་སུ་འགྲོ་ ཚད་རིང་གྲོགས་ངན་དང་འགྲོག་ནས་འཕྲོ་བརླག་ལ་སོང་ན་ཅི་འདྲ་ཡི་ཐབས་སྐྱོ་བོ་མ་རེད་དམ།  གྲྭ་ཚང་གི་དོན་ཡིན་དུས་མ་འགྲོ་ནའང་ཡོང་ཐབས་མེད་ལ་དགེ་ཕྲུག་འཕྲོ་བརླག་འགྲོ་ནའང་ཡོང་ཐབས་ མེད་དུས་བདག་གིས་ཟླ་བ་ལ་རྒན་ཚབ་ཡག་པོ་ཞིག་ཚོལ་རྒྱུ་དེ་རེད།།
༢༠༠༢ལོའི་ཟླ་༡ཚེས་༡༩ཉིན།                                                 ད་རིང་བདག་བདེ་ལེགས་སུ་འབྱོར་སོང་། འོན་ཀྱང་བདག་གི་སེམས་ཁ་དགེ་ཕྲུག་གི་ཕྱོགས་སུ་ལྷག་འདུག  ཟླ་བས་ཁ་སེང་སྟོན་པའི་བྲལ་ཁའི་རྣམ་འགྱུར་དེ་དག་གིས་བདག་ངོས་ནས་བཤད་ན་དགེ་སློབ་ཀྱི་བརྩེ་བ་ ནི་འཇིག་རྟེན་འདི་ན་ཆེས་ཟབ་པའི་བརྩེ་བ་ཞིག་ཏུ་ངོས་འཛིན་ཐུབ་བྱུང་།  ངོ་མ་ཕ་མ་བུ་ཕྲུག་བར་གྱི་བརྩེ་ བ་ཡང་དེ་ལས་ཟབ་པ་ཡོད་ན་སྙམ།                                                                                              ༼རྒན་ཨ་རིས་སུ་སླེབས་ནས་ཁོའི་ཆེད་དུ་ཉིན་ཐོ་མང་པོ་ཡོད་མོད་དུས་ཀྱི་དབང་གིས་འདིར་ཚང་མ་བྲིས་ཁོམ་མ་བྱུང་  བས་དགོངས་དག༽                                                                                                         
༢༠༠༣ལོའི་ཟླ་༣ཚེས་༡༨ཉིན། ད་རིང་གི་ཆ་ངན་འདིས་འདུ་འཛིང་ཆེ་བའི་རྒྱལ་ས་འདིའང་བྲོ་བ་དང་ཁ་དོག་གང་ཡང་མེད་པའི་སྟོང་སང་སང་གི་བྱེ་ཐང་གི་ལུང་པ་ཞིག་ཏུ་སྣང་། ད་ནི་ངོ་མ་དུས་རྒྱུན་ནས་འཁྱེར་བའི་སེམས་ཁྲལ་གྱི་མེ་ལྕེ་ལ་ཐོས་མི་ འདོད་པའི་གཏམ་ངན་གྱི་བུད་ཤིང་སྣོན་སོང་།  སུ་འདྲ་ཞིག་ཡིན་རུང་རང་ཉིད་ཀྱི་རེ་བ་དང་དམིགས་ཡུལ་ དེ་འགྲུབ་བཞིན་འགྲུབ་བཞིན་དུ་མི་འགྲུབ་པ་འགྱུར་དུས་ཅི་འདྲའི་སེམས་སྐྱོ་དགོས་པ་ཞིག་མ་རེད་དམ།  རང་ཉིད་ཀྱི་རེ་བ་ཆེ་ཤོས་ཞིག་དང་དམིགས་ཡུལ་ངེས་ཅན་ཞིག་ཟླ་བ་ལ་ཟིན་བཞིན་མི་ཚེའི་ལྷོད་གཡེང་གི་ མཛེས་སྡུག་རླུང་ལ་སྐུར་ཟིན།  འོན་ཀྱང་ད་ནི་ཨ་་་་དཀོན་མཆོག་གིས་མཁྱེན།།
༢༠༠༣ལོའི་ཟླ་༩པ་ཚེས་༥ ཉིན། ད་ནི་བདག་གིས་གྲྭ་ཚང་གི་ལས་དོན་ཆ་ཚང་ཞིག་སྒྲུབ་མ་ཚར་ཡང་འཕྲོ་མ་ངའི་འཛིན་གྲོགས་ཀླུ་མགོན་ལ་ རེ་སྐུལ་ཞུ་ནས་མགྱོགས་པོ་གྲྭ་ཚང་དུ་ལོག་འགྲོ་ཡི་ཡིན།  རྒྱུ་མཚན་ནི་ལོ་རྗེས་མར་ཟླ་བ་སྐབས་བཞི་པར་འགྲོ་ རྒྱུ་སོང་ཙམ་དཔེ་ཆ་ཡག་པོ་མ་བལྟས་ན་ཡོང་ཐབས་མེད། བདག་གི་ཡོད་ཚད་ཟླ་བ་ཡི་ཆེད་དུ་ཡིན་ཡང་།  ཡིད་སྐྱོ་བའི་སྤྲིན་ནག་གི་ཀློང་ནས་བདག་གི་ཡོད་ཚད་ཀྱི་རྒྱུ་སྐར་བོར་དུ་དྭོགས།  མྱོང་མི་འདོད་པའི་ལྷག་ རླུང་གི་ངར་ཁས་མདུན་སྐྱོད་ཀྱི་གོམ་ཁ་བཙན་གྱིས་བཀག་བྱུང་ཡང་བདག་གི་བློ་ཁ་ནམ་ཡང་འགྱུར་མི་ཕོད།  ཅིའི་ཕྱིར་ན་ཟླ་བའི་མི་ཚེའི་མདུན་ལམ་གྱི་སྣེ་མོ་བདག་ལ་དབང་བས་སོ།།                                                                           ༢༠༠༤ལོའི་ཟླ་༡ཚེས་༨ཉིན།                                          ཁ་སེང་ནས་བདག་གི་ལུས་ཁམས་ཧ་ཅང་མི་བདེ་བ་འདུག་པས་དེ་རིང་སྨན་ཁང་ནང་སོང་དུས་ཨེམ་རྗེས་ ཁྱོད་རང་སྙིང་ནད་འབྱུང་རྩ་སེམས་ཁྲལ་ཆེན་པོ་ཞིག་གིས་ནད་མཐུ་པོར་ཆགས་འདུག  །ད་རིང་ནས་བཟུང་སེམས་ཁྲལ་དེ་མ་དབྱུང་ན་སྲོག་ལའང་ཉེན་ཁ་ཆེན་པོ་འདུག་ཞེས་གསུང་བྱུང་།  ངོ་མ་ཅི་མ་བདེན་ཟླ་བས་ ཉིན་མཚན་དུས་ཀུན་དུས་བདག་གི་མི་འདོད་པའི་བྱ་བ་ཁོ་ན་བྱེད་ནས་བསྡད་ན་ལུས་ནད་ཀྱི་འབྱུང་རྩ་ སེམས་ནད་དེ་ཇི་ལྟར་འདོར་ཐུབ་བམ།  ཐ་ན་གྲྭ་ཆས་གྱོན་སྟངས་ཡན་ཆད་ནས་སྙིང་ནད་ཀྱི་རྒྱུ་རྩ་ལས་ ནམ་ཡང་བདག་གི་བསམ་འདོད་ལྟར་ཐེངས་ཅིག་ཀྱང་བྱ་ཡི་མི་འདུག་ན་ཅི་ཡི་ཕྱིར་བདག་གི་སྙིང་ཆུང་ དེ་གས་མི་འགྲོ་ཡ།  མཚམས་མཚམས་བདག་སུ་ཞིག་གི་ཀྱང་རྙེད་སར་མེད་པ་ས་སྟོང་ཞིག་ཏུ་ཁུ་སིམ་མེར་ བྲོས་དགོས་སྙམ་ཡང་བདག་གི་འདི་ལྟར་ཟླ་བ་དོར་ནས་ཕྱིན་ན་ཉིན་རེ་བཞིན་སྡུག་ཏུ་འགྲོ་བ་ལས་གཞན་ཅི་ ཡོད་སྙམ་ནས་དེ་ལྟར་ཁུ་སིམ་མེར་འགྲོ་མ་ཐུབ།ད་ནི་བདག་གི་རེ་བ་ཆེ་ཤོས་ནི་བདག་མ་འཆིའི་སྔར་རོལ་ དུའམ་ཡང་ན་མྱུར་ནས་མྱུར་དུ་ཟླ་བ་འདི་ཐོག་མའི་ཟླ་བ་བཞིན་འགྱུར་བའི་རེ་བ་ལས་གཞན་གང་ཡང་མ་ མཆིས།  ཡིན་ནའང་བདག་གི་མ་བྱེད་པའི་ཐབས་ཤེས་ཞིག་མེད་ཀྱང་ཟླ་བ་ནི་འཕོ་འགྱུར་མེད་པའི་ཟླ་བ་ཞིག་ གམ་ཡར་ཚེས་མེད་པའི་ཟླ་བ་ཞིག་ཡིན་དུས་བདག་གི་རེ་བ་དེའང་འཕོ་འགྱུར་མེད་པའི་ཞིག་གམ་འགྲུབ་རྒྱུ་ མེད་པའི་རེ་བ་ཞིག་མིན་ནམ་སྙམ་བཞིན་སྙམ་བཞིན་དུ་བདག་གི་སེམས་ཁམས་དེ་མུན་པས་སྒྲིབ་འགྲོ་ལ་ སྙིང་ཆུང་དེ་དུམ་བུར་གས་འགྲོའོ།། མཚམ་འདིར་ཟླ་བའི་གདོང་མདོག་ཡང་སྐྱ་སང་སང་དུ་གྱུར་བཞིན་མིག་ཆུའི་ཕྲེང་བ་ཁུར་ཚོས་རྒྱུད་དེ་མ་ནེ་ཡི་སྣེ་ནས་ཉིན་ཐོའི་བདེ་ཐོག་ཏུ་ཟག་བཞིན་འདུག  །ད་ངོ་མ་ཟླ་བ་སྔོན་མའི་ཟླ་བ་འགྱུར་བ་མིན་ནམ།  རྒན་ འགྲོ་མགོན་གྱི་ཆེད་དུ་མིག་ཆུའི་མཛེས་སྡུག་ངོམ་བྱུང་།   ཡིན་ནའང་སྐབས་དེར་ཁ་པ་ཞིག་སླེབས་བྱུང་།  ཟླ་ བས་ཉན་པ་དང་སླར་ཡང་གདོང་མདོག་འགྱུར་སོང་ལ་མིག་ཆུ་སྔར་ལས་མང་བ་རྡོལ་བྱུང་།།                                      
༢༠༡༠ལོའི་ཟླ་༡༠ཚེས་༢༢ཉིན་མཇུག་བསྡུས།

No comments: