ཡུན་རོབ་གནས་སྡོད་བསམ་པ་དོན་གྲུབ་ནས་བྲིས།
རིགས་དྲུག་སྐྱབས་མགོན་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ལ།
ཉིན་མཚན་རྟག་ཏུ་ལུས་ངག་ཡིད་གསུམ་གསོལ་བཏབ་མཐུས།
ལུས་ཀྱི་དཀའ་བ་སེམས་ཀྱི་སྡུག་བསྔལ་ཡོད་དོ་ཅོག
རིང་ནས་རིང་དུ་སེལ་ལ་ཡིད་ཆེས་གཙང་མས་ཁེངས།
གངས་ཅན་གདོང་དྲུག་རིགས་ལས་མཆེད་པའི་ང་ཚོ་ཡི།
འཛམ་གླིང་ཁྲོད་དུ་ལུགས་དང་མཐུན་པའི་ཚུལ་ལྡན་ལས།
གང་བྱེད་ལྷག་བསམ་རྣམ་དག་དྭང་དུ་མ་བླངས་ན།
རང་ཉིད་ཤ་ཁྲག་རིགས་ཀྱི་འབྱུང་ཁུངས་མེད་དང་མཚུངས།
འབྱོར་ལྡན་ཀླུ་མཛོད་ལས་ལྷག་ཕྱུག་གྲལ་མང་གྱུར་ཀྱང་།
དགོས་དུས་མི་ཕོད་ཡི་དྭགས་ཕྱག་ཟུང་དག་གི་ཁྲོད།
ཕངས་མེད་གྲངས་འདས་དངུལ་གྱི་ཆར་པ་ཕོབ་མཁན་དེར།
སྔོན་བྱུང་མྱོང་མེད་ངོ་མཚར་བསྔགས་བརྗོད་ས་སྟེང་ཁྱབ།
གྲངས་མེད་སྐྱེ་བཟང་ལས་ཀྱིས་འབྲས་བུ་ལས་བྱུང་བ།
རྣམ་སྲས་ནོར་གྱི་བདག་པོ་སྐལ་བཟང་རྣམ་རྒྱལ་གྱིས།
ཇི་སྲིད་འཁོར་བ་མ་སྟོང་བར་དུ་ནོར་གྱི་སོན།
དེ་སྲིད་སོ་ནམ་ཞིང་ཁ་བསྐྲུན་པར་ཨེ་མ་མཚར།
བྱིས་པའི་དུས་ནས་རིག་པའི་བློ་གསལ་སྒོ་མོ་འབྱེད།
གཞོན་ནུའི་སྐབས་ན་མི་རིགས་བདེན་དོན་ལས་ལ་བྲེལ།
དར་མས་དཀའ་བའི་ངལ་རྩོལ་བརྒྱ་ཕྲག་ཁུར་དུ་བླངས།
བྱིས་གཞོན་དར་གསུམ་བདེན་བརྩོན་མཐོང་ལ་སེམས་པ་སྐྱིད།
ལ་རྒྱ་སྙིང་གཏམ།
ཡུལ་རོབ་གནས་སྡོད་བསམ་པ་དོན་གྲུབ།
སྨར་ཁམས་གླིང་གི་སྒར་ཐོག་ཏུ།
ཆོས་པ་གྲངས་མེད་བྱུང་ན་ཡང་།
འཁྲུལ་མེད་བྱང་ཆུབ་སེམས་པ་ནི།
རྩོད་མེད་འོད་ཟེར་རིན་པོ་ཆེ།
ལོ་ངོ་སྟོང་ཕྲག་མང་པོའི་ཁྲོད།
སྨར་ཁམས་གླིང་གི་སྒར་ཐོག་ཏུ།
མིང་ཆེན་སྦྱིན་བདག་གྲངས་མེད་ཀྱང་།
དུས་ལ་སྐལ་པའི་སྦྱིན་བདག་ནི།
ལྷག་བསམ་བློས་གཏོང་སྐལ་བཟང་རྒྱལ།
ལོ་ངོ་སྟོང་ཁྲག་མང་པོའི་ཁྲོད།
སྨར་ཁམས་གླིང་གི་སྒར་ཐོག་ཏུ།
མཛུབ་མདའ་ཤོག་འཕངས་མང་ན་ཡང་།
ནག་ཐིག་འབེན་ལ་ཕོག་མཁན་ནི།
བྱ་ཁྲ་བསོད་ནམས་ཚེ་རིང་ཙམ།
ལོ་ངོ་སྟོང་ཁྲག་མང་པོའི་ཁྲོད།
སྨར་ཁམས་གླིང་གི་སྒར་ཐོག་ཏུ།
འགེངས་ཆེའི་འགྲུལ་ལམ་དོག་ན་ཡང་།
སྤྱང་གྲུང་ལམ་སྟོན་ཕོ་ཉ་ཞིག
ཆུ་ལེན་བློ་བཟང་ཆོས་འཕེལ་བྱུང་།།
No comments:
Post a Comment