བློ་བཟང་དགའ་ལྡན་ནས་བྲིས་སོ།
མི་འཇིགས་འཇིག་རྟེན་ཁམས་ཞེས་གྲགས་པ་ལ།
གླིང་བཞི་གླིང་ཕྲན་དཔལ་གྱི་རྣམ་པས་བརྒྱན།
སྡེ་བཞིའི་ཁེངས་པ་རབ་ཏུ་མཐོ་བ་ཡི།
འཛམ་བུའི་གླིང་ཞེས་སྒྲ་ཡི་སྙན་པ་ཕུལ།
ལྗོངས་འདིའི་སྙིང་པོ་གངས་རིའི་རྭ་བ་ནི།
ཤིན་ཏུ་དཀར་བའི་ཚེམས་ཕྲེང་བྱེ་བས་མཚོན།
ལུགས་ཟུང་དཔལ་གྱི་གཟི་བྱིན་འོད་སྣང་དེ།
མུ་མེད་ནམ་མཁའི་མཐའ་ལ་བརྡལ་ནས་འདུག
མཐའ་ཡས་ཀུན་གསལ་སྒེག་མོའི་བཞིན་རས་ལས།
འགེངས་པའི་གསེར་ལྡན་དགའ་མའི་ཕ་མཐའ་ཆེ།
གཞལ་ལ་རྫུ་འཕྲུལ་སྟོབས་ཀྱིས་རྫོགས་པ་ཡི།
དྲེགས་ལྡན་བྱེ་བའི་སྙིང་རྩ་ལིང་ལིང་འདར།
དེ་ལྟའི་སྣོད་ཀྱི་འཇིག་རྟེན་མ་ལུས་པ།
ཕྱག་ན་པད་མོའི་ཐུགས་རྗེའི་རྫུལ་འཕྲུལ་གྱིས།
སྤྲུལ་པ་གངས་ཅན་ས་ཡི་མངོན་དགའ་ཞེས།
སྙན་པའི་གྲགས་པ་སྲིད་ཞིའི་ཁོངས་ལས་བརྒལ་།
ལྷག་བསམ་ཐུགས་བསྐྱེད་འོ་མའི་སྟོབས་རྒྱས་པའི།
ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་ནོར་འཛིན་འདིར།
གཙུག་ལག་མྱུ་གུ་ས་བོན་བཏབ་པ་ལས།
རྒྱལ་བསྟན་སྟོན་གྱི་འབྲས་བུ་གཡུར་དུ་ཟ།
གང་ལས་ལྷ་ལྡན་འཛིན་མའི་དཀྱིལ་འཁོར་དུ།
ནཱ་ལེན་དྲ་ཞེས་ཆོས་ཀྱི་གྲོང་བརྡལ་ལ།
དམན་པར་སྟེར་བ་འཛམ་གླིང་རྒྱན་གྱི་ཕུལ།
ཐེག་ཆེན་གླིང་གི་བརྗིད་ཉམས་མཁའ་ལ་བསྙེགས།
བང་རིམ་གོར་མོའི་མཆོད་རྟེན་བཞེངས་འདྲ་བར།
བརྩེགས་པའི་གྲྭ་ཁང་ཁྲི་ཕྲག་བཅུ་ལྷག་གིས།
ཨ་སྔོན་མཁའ་ཡི་སྒྱུ་སྐར་ཚོམ་བུ་ལ།
རྣམ་པར་འཕྱ་བའི་སོ་ཡི་ཕྲེང་བ་རྒོད།
ལི་ཁྲིའི་མདངས་ཀྱི་རླབས་ཕྲེང་འཕྱུར་བ་ལ།
སྨོས་པའི་གོས་དམར་རབ་བྱུང་ངུར་སྨྲིག་སྡེ།
ཞལ་གྲངས་སྟོང་ཕྲག་བཅུ་ཡི་པད་མའི་ཚལ།
འཆད་རྩོད་སྦྲང་རྩིའི་ཆུ་བོ་དེ་ན་འཁྱིལ།
བསླབ་གསུམ་ནོར་བུའི་ཚོགས་ཀྱིས་རྒྱུད་གཏམས་ཤིང་།
ལུང་ཆོས་སྡེ་སྣོད་གསུམ་གྱི་རྒྱན་འཆང་བའི།
ལྔ་ཟུང་རིག་པ་སྨྲ་བའི་དགེ་བའི་བཤེས་
གཅིག་ལས་གཅིག་ལྷག་སུ་ཡི་བགྲང་གིས་ལང་།།
No comments:
Post a Comment