དབུ་གསར་དགེ་འདུན་རྒྱ་མཚོ་ནས་བྲིས་།
རང་ཁྱིམ་ནང་ན་ཡོད་དུས། དྲིན་ཆེན་ཡབ་ཡུམ་གཉིས་ལ།
དྲིན་བསམ་ཡིད་ནས་མ་ཤར། ད་ལྟ་ས་མཐར་འཁྱམ་དུས།
དྲན་ནས་བསྡད་ཐབས་མི་འདུག རང་ཡུལ་ཕྱོགས་ནས་ཡོང་བའི།
ནམ་མཁའི་སྤྲིན་པ་དཀར་པོ། བདག་གི་ཕ་ལོ་མ་ལོ།
སྐུ་ཁམས་བདེ་མོ་ཨེ་རེད། ཡབ་ཡུམ་འགྲམ་དུ་ཡོད་དུས།
བདག་གིས་ཡབ་ཡུམ་གཉིས་ལ། ཁ་འཇམ་ཚིག་ཙམ་མ་བཤད།
ས་མཐའི་བུ་ཆུང་ང་ཡིས། འགྱོད་པའི་མིག་ཆུ་ཤོར་སོང་།
ལྷ་བྱ་ཁུ་བྱུག་སྔོན་མོ། ཡབ་ཡུམ་ཕྱོགས་སུ་འཕུར་ནས།
བུ་ངས་མ་མཇལ་བར་དུ། བདག་ལ་སྒུག་དང་གསུང་རོགས།
བསམ་བཞིན་བསམ་བློ་བཏང་དུས། མ་དག་འཇིག་རྟེན་ཁམས་དེར།
ཡབ་ཡུམ་འདྲ་བ་སུ་ཡོད། བདག་གི་ཡབ་ཡུམ་གཉིས་དེ།
ད་ལྟ་བཞུགས་པ་དགའ་བ། ནམ་མཁའི་བླ་མ་དཀོན་མཆོག
ཡབ་ཡུམ་དྲིན་ཆེན་གཉིས་དེའི། ཚེ་ཡི་བར་ཆད་སེལ་ནས།
ཚེ་རིང་ལོ་བརྒྱ་ཐོབ་ཤོག ཉིན་མཚན་མེད་པ་སྨོན་ལམ།།
ཚེ་རིང་ལོ་བརྒྱ་ཐོབ་ཤོག ཉིན་མཚན་མེད་པ་སྨོན་ལམ།།
No comments:
Post a Comment