ཟུར་བཀོལ་འཛིན་གྲྭ་བ་བླ་མ་རྒྱ་མཚོ་ནས་གུས་པ་དང་བཅས་བྲིས་སོ།།
མཐུ་ཆེན་རྒྱལ་སྲས་གཞན་གྱིས་མ་ཐུལ་བའི།
སྙིགས་དུས་འགྲོ་རྣམས་འདྲེན་ཕྱིར་མི་ཡི་རོལ།
མགོན་པོ་ཁྱེད་ནི་པད་དཀར་ལྟ་བུར་ཞེས།
རྒྱལ་ཀུན་བསྔགས་ཡུལ་ཐུབ་དབང་ཁྱེད་ལ་འདུད།
རྒྱལ་བའི་མཁྱེན་བརྩེ་མ་ལུས་གཅིག་བསྡུས་པ།
གང་ཞིག་རིང་ནས་བློ་དམན་འགྲོ་རྣམས་ལ།
ཟབ་མོའི་གནས་ལ་བློ་གྲོས་རྒྱས་མཛད་པ།
བླ་མ་དབྱེར་མེད་འཇམ་དབྱངས་ཞབས་ལ་འདུད།
རྒྱལ་བའི་བསྟན་ལ་རྒྱལ་བ་དང་མཚུངས་པ།
སྙིགས་དུས་འགྲོ་རྣམས་འདྲེན་ཕྱིར་མི་ཡི་རོལ།
རྒྱལ་སྲས་ཚུལ་བསྟན་རྒྱལ་བའི་མཛད་ཀུན་མངའ།
རྒྱལ་བ་གཉིས་པར་རུས་པའི་གཏིང་ནས་འདུད།
ལྷག་པའི་བསླབ་གསུམ་རྒྱན་དང་མཁྱེན་བརྩེའི་སྤྲས།
སྟོང་གསུམ་ཁྱབ་པའི་གངས་ཅན་འགྲོ་བའི་མགོན།
སྐུ་གསུམ་མངོན་མཛད་བླ་མའི་ཞབས་པད་ལ།
བདག་གི་ཡིད་ཀྱིས་སྙིང་ནས་གུས་ཕྱག་འཚལ།
བྱམས་བརྩེ་བྱང་ཆུབ་གདུལ་བྱ་སྐྱོང་མཁས་པ།
ཉིནམཚན་དབྱེར་མེད་ཉམ་ཐག་འགྲོ་རྣམས་ལ།
མས་བུ་བཞིན་དུ་སྙིང་བརྩེས་རེ་བསྐོང་པའི།
དྲིན་ཅན་འབུམ་པའི་ཞབས་ལ་སྙིང་ནས་འདུད།
ཐབས་བཟང་དུ་མས་ཟབ་རྒྱས་ཆོས་ཚུལ་རྣམས།
རིང་ནས་གོམས་པའི་ཕྲ་བའི་གནས་རྣམས་ལ།
ཇི་བཞིན་མཁྱེན་ལ་ཐོགས་པ་མི་མངའ་བ།
ཟླ་མེད་བླ་མ་མཆོག་ལ་གུས་པས་བཏུད།
བདག་གྲོལ་ཕྱིར་དུ་སྐྱེ་གནས་གང་དུ་ཡང་།
དེ་དང་དེ་མཐུན་རྣམ་རོལ་ཆོས་སྟོན་པོ།
སྐྱེ་ཀུན་དངོས་བརྒྱུད་བླ་མ་མཆོག་རྣམས་ལ།
ལན་ཅིག་མིན་པར་དུས་ཀུན་སྙིང་ནས་འདུད།
No comments:
Post a Comment