ཟུར་བཀོལ་འཛིན་གྲྭ་སྐལ་བཟང་རྒྱ་མཚོས་བྲིས་སོ།
ཕན་ཚུན་བློ་འདྲེས་ཤིང་ཤིན་ཏུ་མཐུན་པའི་གྲོགས་པོ་ལགས། གུས་པ་ནི་ཤེས་འཇོན་གཉིས་ཀྱི་ཕོངས་པའི་ལ་ཁའི་ལུག་རྫི་དག་ལས་གཉིས་སུ་མ་མཆིས་པས་རྩོམ་ཡིག་བརྒྱབ་པའི་ནུས་པ་ཞིག་ནི་ག་ལ་ཡོད། འོན་ཀྱང་བདག་ལ་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་སྐྱབས་རྗེ་འོད་ཟེར་རིན་པོ་ཆེ་མཆོག་གིས་༧གོང་ས་མཆོག་གི་བཀའ་གསུང་ཇི་བཞིན་བསྒྲུབ་ནས་ཉིན་མཚན་ཀུན་ཏུ་སྐད་གཅིག་ཀྱང་གཡེལ་བ་མེད་པར་སྐུ་ངལ་ཚད་མེད་སྐྱོན་ནས་ཉམ་ཆུང་ང་ཚོར་མ་འོངས་བོད་པའི་སྤྱི་ཚོགས་ཁྲོད་འཆད་རྕོད་རྕོམ་གསུམ་གྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་དེ་ཉིད་དར་རྒྱས་ཡོང་བར་དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་བཀའ་དྲིན་ཆེ་ཆེར་བསྐྱངས་བཞིན་ཡོད་པས་བདག་གི་ཀྱང་བླ་མ་དགྱེས་པའི་མཆོད་སྤྲིན་ནམ།སྤྱིར་བོད་ཡིག་དང་བྱེ་བྲག་རྩོམ་རིག་སོགས་ལ་ཡར་རྒྱས་ཡོང་བའི་སླད་དུ་རང་བློས་གང་ནུས་ཞིག་མ་བྲིས་ན་ག་ལ་འགྲིག །རེད་ཡ། གྲོགས་པོ་ལགས། དེ་རིང་བདག་གིས་བརྗོད་འདོད་པ་ནི། ནམ་ཡང་སེམས་ཁོངས་སུ་འབར་བཞིན་པའི་མེ་དཔུང་ གིས་སྒུལ་ཤུགས་ཤིག་གིས། ངས་འདས་ཟིན་པའི་མ་ཡུམ་ཁོ་ན་དྲན་ནས་མངར་ཁ་དབེན་པའི་ཁེར་རྐྱང་གི་ཚོར་བ་སྐྱུར་མོ་རྣམས་ནུས་མེད་དུ་གཏོང་བའི་ཆེད། སེམས་ནང་གི་སྐྱིད་སྡུག་མཚོན་པའི་སྙིང་གཏམ་འདི་གྲོགས་པོ་ཁྱོད་ལ་མ་གསང་དྲང་གཏམ་ཐོག་བརྗོད་ན་འདོད། སྙིང་རུས་ཀྱང་དུམ་བུར་འགྲོ་བའི་ཉིས་སྟོང་དྲུག་ལོར། བདག་ལ་འཇིག་རྟེན་འདི་ན་སྙིང་ཉེ་ཤོས་ནང་གི་ཉེ་ཤོས། དགའ་ཤོས་ནང་ནས་དགའ་ཤོས། བརྩེ་ བའི་ནང་ནས་བརྩེ་བ་ཆེ་ཤོས། བདག་ལ་བདེ་སྡུག་གང་འདྲ་ཞིག་ཕྲད་ཀྱང་ཁུར་དུ་བླངས་མཁན་ངའི་མ་ཡུམ་ཁོང་འཛམ་གླིང་འདི་ནས་ཁ་བྲལ་བའི་གཏམ་ངན་འདི་བདག་ལ་ག་ཚོད་གསང་ཡང་གཏམ་ངན་རླུང་གིས་འཁྱེར་ཏེ་ངས་ཐོག་མར་གོ་དུས་གནམ་ལྕགས་ཐོག་གི་སྐད་སྒྲ་ཞིག་ངའི་རྣ་ལམ་དུ་གྲགས་པ་དང་འདྲ་བ་སྡུག་བསྔལ་གྱི་མེ་ལྕེ་འབར་ཏེ་ཧ་ཅང་གི་བློ་ཕམ་དང་སེམས་སྡུག་གི་མིག་ནས་མཆི་མ་དབང་མེད་ཤོར་བཞིན་མི་ཚོགས་མང་པོའི་དཀྱིལ་དུ་ངུ་འབོད་ཐེངས་མང་བྱས་མྱོང་། དེ་ལས་ཀྱང་ཆེས་བརྗེད་དཀའ་བ། ཡིད་བློང་བློང་དུ་གྱུར། གཉིད་མི་འོང་། ཟས་ཀྱི་བྲོ་མི་མྱོང་། སེམས་ཀྱི་བདེ་སྐྱིད་དང་སྤྲོ་སྣང་ཡོད་ཚད་སྟོན་མཇུག་གི་ལོ་འདབ་རྣམས་དྲག་ཤུགས་ཆེ་བའི་རླུང་འཚུབ་ཀྱིས་འཁྱེར་བ་ལྟར་འགྱུར་ནས་སློབ་སྦྱོང་ཡང་བྱེད་མི་ཐུབ་པར་འགྱུར་སོང་དེ་སྔོན་ངས་ཐེག་པ་ཆེན་པོའི་ཆོས་ལ་སློབ་གཉེར་བྱེད་མཁན་ཡིན་ཟེར་ནས་ཧ་ཅང་གི་རྒྱ་ཆེན་པོ་བསམ་ནའང་དེ་དུས་དོན་ངོ་མ་ནི་ངའི་ཡོད་ཚད་ཐམས་ཅད་འདས་ཟིན་པའི་མ་ཡུམ་ཁོ་ནའི་ཆེད་དུ་རེད་འདུག་པ་མ་ཟད་ནང་ཆོས་ཀྱི་བསམ་བློ་ཏིལ་འབྲུ་ཙམ་ཡང་ཡོད་མི་འདུག །ཨ་ཙི། གྲོགས་པོ་ལགས། ངའི་བསྒྲུབ་མ་ཐུབ་པའི་མ་ཡུམ་ཁོང་གི་རེ་འདོད་ནི། གུས་པ་ཁོང་གི་འགྲམ་ལ་རྟག་ཏུ་བསྡད་རྒྱུ་ལས་གཞན་ཁོང་དང་ཕ་ཡུལ་འདི་གཉིས་བྲལ་ནས་ཕྱོགས་གང་དུ་ཡང་གཏང་ཅུག་འདོད་མེད་པ་དེ་རེད། གུས་པ་འདི་ཕྱོགས་སློབ་གཉེར་བྱེད་བར་འགྲོ་འདོད་ཡོད་པའིོ་ཚུལ་བཤད་དུས། ཁོང་གི་བློ་ཕམ་དང་སེམས་སྡུག་ཚད་མེད་བྱས་ནས་སྤྱན་ཆབ་མཁུར་ཚོས་བརྒྱུད་རེ་རེ་བཞིན་ཐིགས་ཕྲེང་ཟག་ནས་ང་ལ་བལྟས་བསྡད་ཀྱིན་འདུག ཡང་ཁོང་གིས་ང་ལ་རྒྱ་གར་ལ་འཚོ་གོས་སོགས་དཀོན་ལ་ཚ་བ་ཧ་ཅང་གི་ཆེ། ད་དུང་བུ་ཁྱོད་མི་ཡུལ་ལ་གྲོགས་མེད་ཁེར་རྐྱང་ཡང་ཡིན་པས་མ་འགྲོ་ཟེར། ང་ཡང་མིག་མཐར་མཆི་མས་འཁོར་ནས་ངུ་ཤོར། དུས་དེ་ ནས། ངས་ས་ཕྱོགས་འདི་རུ་འགྲོ་འདོད་ཡོད་པའི་ཚུལ་ཚིག་ཙམ་ཡང་བརྗོད་མ་ནུས། འོན་ཀྱང་རང་ཡུལ་ཕྱོགས་ལ་ཐོས་བསམ་སློབ་གཉེར་ཅུང་ཞན་སྟབས་བཀའ་དྲིན་ཤིན་ཏུ་ཆེ་བའི་རང་ཡུལ་ཕྱོགས་ཀྱི་རྒན་འཇམ་དབྱངས་མཆོག་གི་བཀའ་དགོངས་བཟང་པོའི་ལམ་སྟོན་འོག་མ་ཡུམ་ཁོང་གི་རེ་འདོད་དང་ཆེས་འགལ་ནའང་བཤེས་གཉེན་དམ་པ་ཁོང་གི་བཀའ་བཞིན་མཐར་མ་ཡུམ་གྱི་མ་མཁྱེན་པར་འཕགས་མཆོག་རྒྱ་གར་སེར་དགོན་གནས་སུ་མ་འགྲོ་ཐབས་མེད་ཐུག ཨ་ཙི། གྲོགས་པོ་ལགས། བདག་འདི་ཕྱོགས་སུ་འགྲོ་ཟིན་དུས་ཁོང་ལ་ཧ་ཅང་གི་བློ་ཕམ་དང་སེམས་ལ་བརྗོད་མི་ཕོད་པའི་ན་ཟུག་གྲངས་ལས་འདས་པ་ཞིག་གིས་རྟག་ཏུ་བཟུང་ནས་ཟད་མཐའ་བྲལ་བའི་སྤྱན་ཆབ་དབང་མེད་དུ་ཤོར་ཡོད་པ་ངས་སོམ་ཉི་མེད་པ་བཤད་ཐུབ། དེ་བས་ཀྱང་སྙིང་རྕ་མིག་ཆུའི་བགྲོད་ལམ་དུ་འགྱུར་དགོས་པའི་གནས་ཚུལ་ཞིག་ནི། མ་ཡུམ་དམ་པས་ཆོས་སྡེ་ཆེན་པོ་འདི་ཡི་གནས་སྟངས་དག་མཁྱེན་ན། ད་ཀོ་གཞི་ནས་ཁོང་གི་བློ་ཡིད་ཚིམས་ཐུབ་ཀྱང་། ཨ། གནམ་རྒན་མ། དེ་ལས་ལྡོག་སྟེ་འདི་ཕྱོགས་ཀྱི་མེ་ཏོག་གི་འཚོ་བའི་ཟུར་ཆ་ཞིག་ཀྱང་མ་མཁྱེན་པར་ནམ་ཡང་ཕྱིར་ལོག་རྒྱུར་ མེད་པའི་ལམ་ཁ་དོག་མོ་ཞིག་ཏུ་བཞུད་ཟིན་འདུག་ཡ།།
སེམས་ཁོང་དུ་མིག་ཆུའི་ཆུན་པོ་དང་བཅས་ཏེ་རང་ཤག་ཏུ་བྲིས།།
No comments:
Post a Comment