ངག་དབང་དར་རྒྱས་ནས་བྲིས།།
གངས་སེང་ལགས་ཁྱོད་ནི་གངས་ལྗོངས་ཀྱི་བདག་པོ་ཡིན་ལ་གངས་ཕྲུག་རྣམས་ཀྱི་ཡབ་ཡུམ་ཡང་ཁྱེད་ཉིད་ཡིན་འོན་ཀྱང་སྤྱང་ཀི་གཡོ་རྒྱུ་ཅན་མང་པོ་གངས་རིའི་ཁྲོད་དུ་སླེབས་ཤིང་གངས་ལྗོངས་ཀྱི་བདག་པོ་ང་ཡིན་ཞེས་འབོད་སྒྲ་བསྒྲགས་ཤིང་གངས་ཕྲུག་རྣམས་ལ་བརྩེ་མེད་ཀྱི་སོ་ཡང་བརྒྱབས་སྟེ་གངས་སེང་མ་བུ་རྣམས་ཁ་ཕྲལ་བ་རེད། དེ་ཡང་སྔོན་གྱི་ལས་དབང་ཡིན་སྲིད་ཀྱང་དེ་ནི་བཟང་པོ་ལ་བཟང་ལན་མི་ཤེས་མཁན་སྤྱང་ཀི་རྣམས་ཀྱིས་སྔོན་རབས་སྟག་མོའི་ཁ་ལས་བསྐྱབས་པའི་སྲོག་སྐྱོབས་དྲིན་ཆེན་ལ་དྲིན་ལན་ལོག་འཇལ་བྱས་པ་རང་རེད། ད་དུང་གངས་ལྗོངས་ཀྱི་སེང་ཕྲུག་རྣམས་ལ་སྤྱང་ལྤགས་གཡོགས་ནས་ཁྱོད་ཀྱི་མ་ཡུམ་སྤྱང་ཀི་ཡིན་ཞེས་ལོ་མང་བཙན་དབང་གིས་བཤད་ཀྱང་། གངས་ལྗོངས་སེང་ཕྲུག་རྣམས་ཀྱིས་མ་ཡུམ་ནི་ཁྱོད་ཉིད་ཡིན་པ་དུས་ནམ་ཡང་མི་བརྗེད་པའི་དམ་བཅའ་བརྟན་པོ་ཡོད། ད་གཟོད་ཀྱི་དུས་འདིར་ཁྱོད་ཀྱི་བདེན་པའི་འབོད་སྒྲ་དང་བྱམས་བརྩེའི་འོ་བཅུད་ནི་སྲོག་ཆགས་ཀུན་གྱིས་ལོངས་སུ་སྤྱོད་པས་གངས་སེང་མ་བུའི་ལྷན་འཛོམས་ལ་མདུན་དུ་ཕྱོགས། རོང་ཡུལ་གྱི་ཚ་བས་ཁྱོད་ལ་དཀའ་སྡུག་ཇི་སྙེད་ཅིག་སྤྲད་ཀྱང་ཁྱོད་ཀྱིས་གངས་རིའི་ཁྲོད་དུ་མགོན་མེད་སྐྱབས་མེད་གནས་པའི་སེང་ཕྲུག་རྣམས་ཀྱི་སླད་དུ་དུས་དྲུག་ངལ་བ་ཡོངས་སུ་བཞེས་པ་མཐོང་དུས་སེང་ཕྲུག་རྣམས་ཀྱི་མིག་ནས་མཆི་མ་ལྷུང་ཞིང་སྤྱང་ཀིའི་བྲན་གཡོག་ལོ་ངོ་སྟོང་ལ་རྒྱུག་དགོས་ཀྱང་ཁྱེད་ཀྱི་དྲིན་ལན་བརྗེད་རྒྱུ་ཕར་བཞག་ཁྱོད་ཀྱིོ་བྱ་བཞག་ལ་སྤོབས་པ་ཡང་སྐྱེ །ཡིན་ཡང་།
ཁྱོད་ཀྱི་འོ་བཅུད་ལོངས་སུ་སྤྱོད་ནས་ཚ་རླབས་རྒྱས་པའི་སེང་ཕྲུག་སྙིང་མེད་དག་གིས་བདེན་རྫུན་དབྱེ་འབྱེད་མ་ཐུབ་པར་ཁྱེད་ལ་ཞེ་སྡང་གི་འབོད་སྒྲ་བསྒྲགས། དེ་ནི་དངོས་གནས་སྤྱང་ཀི་གཡོ་སྒྱུ་ཅན་རང་ཡིན་པ་མ་ཟད། ལས་འབྲས་ཀྱི་གནས་ལུགས་ཀྱང་ཡོངས་སུ་གཏོར། དེ་བཞིན་ཁྱེད་དང་ལྷན་གཅིག་ཡོད་པའི་རོང་ཡུལ་གྱི་སེང་ཕྲུག་རྣམས་ཀྱིས་གངས་ལྗོངས་ཀྱི་ལམ་ལུགས་དོར་ནས་ལམ་ཤུལ་ལ་ཕྱིན་པ་ནི། གངས་ལྗོངས་ཀྱི་སེང་ཕྲུག་སྤུན་ཟླ་རྣམས་བློ་ཕམ་གྱི་གནས་ཤིག་ལོས་ཡིན། གངས་ལྗོངས་ཀྱི་སེང་ཕྲུག་རྣམས་ནི་བརྩེ་མེད་སྤྱང་ཀིའི་འོག་ཏུ་ཉིན་གཅིག་ཙམ་ཡང་བསྡད་འདོད་མེད་ཅིང་ཁྱེད་ཀྱི་ཕྱོགས་སུ་ཉིན་རེ་བྱ་ར་ལན་དགུ་བྱས་ནས་ཁྱེད་ཉིད་སྒུག་ཡོད། ཁྱེད་ནི་གངས་ལྗོངས་ཀྱི་མ་ཡུམ་དངོས་ཡིན་པས་དེའི་ཚབ་སུས་ཐུབ། དེར་བརྟེན་མུ་མཐུད་དེ་ཁྱེད་ཉིད་ཀྱིས་བྱམས་བརྩེའིོ་འོ་བཅུད་དྲོད་མོས་གཤེན་རྗེ་སྤྱང་ཀི་ཡི་ཁ་ལས་སྐྱོབས་གནང་ཡོང་བའི་ལག་གཉིས་མཐེ་མོ་སྙིང་གར་སྦྱར་ནས་གསོལ་འདེབས་ལན་བརྒྱར་ཞུ་བཞིན་ཡོད། ཁྱོད་ཀྱི་བྱམས་བརྩེའི་འོ་བཅུད་ལས་ལྷག་པ་གངས་ལྗོངས་ཀྱི་སྐྱེ་འགྲོ་སུ་ལའང་མེད། དེས་ན། གངས་ལྗོངས་ཀྱི་མ་ཡུམ་ནི་ཁྱོད་ཉིད་ཡིན་ནོ།།
No comments:
Post a Comment