ངག་དབང་བློ་བཟང་ནས་བྲིས་སོ།
ནམ་མཁའ་སྔོ་ཞིང་དྭངས་ལ་རླུང་བུ་བསིལ་བསིལ་དུ་རྒྱག་བཞིན་པའི་དེ་རིང་གི་ཞོགས་པར་ང་ཆོས་རྭར་བསྐྱོད་སྐབས། བཙན་བྱོལ་བོད་མིའི་སློབ་ཕྲུག་ཚོགས་པས་སྐད་ཡིག་དང་འབྲེལ་བའི་ལས་འགུལ་ཞིག་སྤེལ་འཆར་ཡོད་པ་གོ་ཐོས་བྱུང་བས་ཆོར་རྭ་གྲོལ་རྗེས་སེ་ར་ཚོགས་ཆེན་གྱི་ཕྱོགས་སུ་བསྐྱོད་འགོ་ཚུགས། ཚོགས་ཆེན་གྱི་སྒོ་འགྲམ་དུ་སླེབས་སྐབས་སློབ་ཕྲུག་གྲངས་ལས་འདས་པ་ཞིག་གིས་ལག་ཏུ་ཕ་སྐད་དང་འབྲེལ་བའི་བྱང་བུ་སྣ་ཚོགས་ཐོགས་ཤིང་འདུ་ཁང་ནང་འཛུལ་བཞིན་འདུག་ལ་ང་རང་ཡང་ཁོ་ཚོ་དང་མཉམ་དུ་གོམས་པ་ནང་དུ་སྤོ་འགོ་ཚུགས། ནང་དུ་སླེབས་རྗེས་ཐོག་མར་ཁྲིམས་བདག་མཆོག་དང་དེ་ནས་རིམ་བཞིན་སློབ་ཕྲུག་ཚོགས་པའི་འཐུས་མི་བཅསནས་གསུང་བཤད་རིམ་བཞིན་གནང་སོང་ལ་སྐབས་འདིར་བདག་གི་སེམས་ཁོངས་སུ་བརྗོད་མི་ཤེས་པའི་ཚོར་སྣང་སྐྱུར་མོ་ཞིག་དབང་མེད་དུ་སླེབས། རེད་ཡ། ཕྱོགས་བཞི་སྙིང་རྗེ་མེད་པའི་དམག་གི་བསྐོར་ཞིང་དྲག་གནོད་དང་དམག་གསོད་ཀྱི་བྱ་བ་དུས་རྟག་ཏུ་རང་དང་ཤ་ཁྲག་ གཅིག་པའི་ལུས་ཐོག་ཏུ་བྱུང་བཞིན་གདོང་དམར་ཚང་གི་ཕོ་རྒོད་དང་མོ་རྒོད་དག་ནི་རང་གི་ཕ་སྐད་དང་ཕ་གཞིས་ཀྱི་རིན་ཐང་དུས་ཡུན་སྐད་ཅིག་ཙམ་ཡང་རང་སེམས་དང་བྲལ་མྱོང་མེད་ལ་དེ་དག་གི་དོན་དུ་རང་གི་ཡོད་ཚད་བློས་གཏོང་བྱེད་བཞིན་ལ་རྒྱའི་རང སྒྲ་སེང་གེའི་ང་རོ་ལྟར་སྒྲོགས་བཞིན་ཡོད། འོན་ཀྱང་གཞན་ཡུལ་ཕྱོགས་སུ་གནས་པའི་བོད་པ་ཚང་གི་རྩ་དོན་འགྲུབ་མཁན་གྱི་མིང་འཛིན་པ་ཕལ་མོ་ཆེས་ཉིན་རེ་ལས་ཉིན་རེ་ཕ་སྐད་གཙང་མ་བརྒྱབ་ཏུ་བསྐྱུར་ནས་དེ་ལས་ལྡོག་པའི་གཞན་སྐད་ཀྱི་རིན་ཐང་དང་དགོས་མཁོ་སོགས་ཀྱི་སློབ་གསོ་སྤེལ་བཞིན་དེ་ཡང་དུས་རབས་གསར་པའི་འཕོ་འགྱུར་དང་མཐུན་པ་ཡིན་ཞེས་རྫིག་ཉམས་ཀྱི་འུར་སྒྲ་ཕྱོགས་བཞིར་ཁྱབ་ཅིང་དེ་དག་གི་ཉེར་ལེན་ལ་བརྟེན་ནས་བཙན་བྱོལ་སྤྱི་ཚོགས་ཁྲོད་དུའང་ཚོང་ཁང་དང་ཟ་ཁང་མང་དག་ཞིག་ལ་ཕ་ཡིག་དང་ཕ་སྐད་གཙང་མ་ནམ་མཁའི་འཇའ་ཚོན་ལྟར་ཡལ་བཞིན་འདུག་ལ་སློབ་གྲྭ་འགའ་ཞིག་ཏུ་བོད་ཡིག་ཕུད་པའི་སློབ་ཚན་གཞན་རྣམས་དབྱིན་ཡིག་ཁོ་ནའི་ཐོག་སློབ་བཞིན་ཡོད་པ་ནི་བཙན་བྱོལ་བའི་ཆེད་དུ་བྱ་བ་དང་ཡོངས་སུ་འགལ་བའི་བྱ་བ་ཡ་མཚན་ཅན་ཞིག་ཏུ་སྣང་ལ་ལྷག་པར་ཁ་བའི་ལྗོངས་སུ་གནས་པའི་དོན་དམ་པའི་རྩ་དོན་གྱི་སྲོག་ཤིང་དག་ལ་ངོ་ཚ་དགོས་པའི་གནས་ཞིག་ཏུ་བློ་རྨོངས་ང་ཡི་ངོས་འཛིན་མི་བྱེད་ཐབས་མེད་དུ་ཐུག ཀྱེ་གདོང་དམར་ཚང་གི་སོན་རྩ་ཚོ་ཁྱེད་ཚོས་ལག་ཏུ་འཁྱེར་བ་ནི་ཕ་སྐད་ནི་མི་རིགས་ཀྱི་སྲོག་རྕ་ཞེས་དང་སྤུན་ཟླ་ཚོ་ངེད་ཚོ་ཁྱེད་དང་མཉམ་དུ་ཡོད་ཞེས་པའི་བྱང་བུ་དེ་རྣམས་ཡིན་ལ། འོན་ཀྱང་རང་ཉིད་ཀྱི་སྤྱི་ ཚོགས་ཁྲོད་རྒྱུན་དུ་བྱེད་བཞིན་པའི་སྒོ་གསུམ་གྱི་བྱ་བ་རྣམས་ལག་ཏུ་ཐོགས་པའི་བྱང་བུ་དེ་རྣམས་དང་གཅིགམཚུངས་ཡིན་མིན་རིག་པ་ཡང་དག་ཞིག་གིས་བརྡར་ཤ་གཅོད་པའི་དུས་ལ་སླེབས་འདུག་བསམ་ཞིང་རང་དབང་མེད་པར་ཚིགས་བཅད་བླུན་པོའི་ཅ་ཅོ་དེ་འདྲ་ཞིག་འཐོར།།
དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་དང་།།
སློབ་དཔོན་ཐོན་མིའི་བཀའ་དྲིན་ཉག་གཅིག་ལས།།
ཉམ་ཆུང་ཡིག་རྨོངས་གངས་ཕྲུག་མ་ལུས་པར།།
བལྟ་བའི་མིག་ཚབ་ཡི་གིའི་སྦྱོར་བ་གཏོད།།
ལོག་རྟོག་མ་ལུས་སེལ་བའི་སྒྲོན་མེའི་མཆོག།
ཐར་པའི་གྲོང་དུ་འཇུག་པའི་ཐེམ་སྐས་སོ།།
མ་ལུས་ཡོན་ཏན་ཀུན་གྱི་གཞི་མ་ཡིན།།
ལུང་རྟོགས་བསྟན་པ་རྒྱས་པའི་རྒྱུ་ཡི་གཅོ།།
མི་རིགས་ཐ་དད་ཡོད་པའི་དཔང་རྟགས་མཆོག།
མི་རིགས་ངོ་བོ་གནས་པའི་སྲོག་ཤིང་ཡིན།།
ཀུན་ཏུ་གལ་ཆེར་ཨེ་ཤེས་ཕ་ཡི་བུ།། དེ་འདྲར་མ་དོར་དེ་རིང་ཉིད་ནས་བརྕོན།།
No comments:
Post a Comment