ཕུན་ཚོགས་འཕྲིན་ལས་ནས་བྲིས་སོ།།
བདག་ལོ་ན་ཆུང་བའི་དུས་སུ་རྐང་རྩེད་སྤོ་ལོ་རྩེ་རྒྱུ་དང་བལྟ་རྒྱུ་ཁོ་ན་ལ་དགའ་ཞིང་དམིགས་གསལ་རྩེད་མོའི་རིགས་ལ་དགའ་པོ་བྱེད་མཁན་ཞིག་ཡིན་པ་ལས་ནང་དོན་རིག་པ་ལ་སྦྱང་འདོད་མི་བྱེད་མཁན་དེ་ལ་དགའ་པོ་བྱས་ཏེ་འབད་བརྩོན་རྩ་བ་ནས་མེད་པ་ཞིག་ཡིན། བཀའ་དྲིན་ཅན་གྱི་སྐྱོངས་གནང་མཛད་མཁན་བདག་གི་དགེ་བའི་བཤེས་གཉེན་རྣམ་པ་དང་ཁ་ཐེག་རྒན་ལགས་ཀྱིས་ཨུ་ཚུགས་མཐར་སྐྱེལ་གྱི་ང་ལ་ག་དུས་ ཡིན་ཡང་ནང་དོན་རིག་པ་ལ་དོ་སྣང་ཆེན་པོའི་ངང་ནས་སྦྱང་བརྩོན་བྱེད་དགོས་པ་སྐུལ་མ་གང་དྲག་གནང་ཀྱང་རང་ཉིད་ནི་ལེ་ལོ་དང་རྣམ་གཡེང་ཁོ་ནས་སྣོད་ཞབས་རྡོལ་བ་ལྟ་བུ་གྱུར། སྐབས་དེ་དུས་ང་རང་ལོ་ངོ་ཉི་ཤུ་ཙམ་ལ་གསོན་ཡོད་པ་དེ་དུས་ད་ལྟའང་ངའི་བློ་ངོ་ལ་ཝ་ལེར་མངོན་གྱིན་འདུག །དེའི་དུས་སུ་ནང་དོན་རིག་པ་ཞེས་པའི་ཡིག་འབྲུ་དེ་སྦྱང་ན་ཕན་ནུས་གང་ཞིག་ཡོད་མེད་ཀྱང་མ་རྟོག་པར་སློབ་ཚན་གྱི་དུས་སུ་རྒན་ལགས་ཀྱིས་དཔེ་ཁྲིད་གནང་སྐབས་དེ་ལ་ཉན་འཇོག་མ་བྱས་པར་གཉིད་ཁུག་པ་དང་དེབ་ལ་རི་མོ་སྤོ་ལོ་ཡི་གཟུགས་དབྱིབས་སོགས་གང་བྱུང་བྲིས་ནས་རྣམ་གཡེང་གི་བྱ་བ་ཁོ་ནས་མགོ་འཁོར་ནས་བསྡད་པ་དང་གུང་སེང་དང་དུས་ཚོད་སྟོང་པ་གང་རག་བྱས་ནས་སྤོ་ལོ་ལྟ་བ་དང་རྩེ་བར་འགྲོ་ནས་རྒན་ལགས་ཚོ་ལ་མགོ་སྐོར་གཏོང་གང་ཐུབ་བྱས། དུས་ཚོད་ནི་ཉིན་རེ་བཞིན་ཐུང་དུ་འགྲོ་བ་ལས་དེ་ལ་ཁ་སྣོན་བྱེད་ཐབས་མེད་པ་རེད། ལོ་ཟླ་ནི་སྐད་ཅིག་ནས་སྐད་ཅིག་འགྱུར་འགྲོ་བ་ཆོས་ཉིད་ཡིན་ལ་ང་རང་ཡང་ལོ་ངོ་བཅུ་ཕྲག་ཙམ་གང་འདྲ་ཕྱིན་མིན་མ་ཤེས་པར་འདས་ཟིན་འདུག
དེ་ནས་ང་རང་ལོ་ངོ་སུམ་ཅུ་ཙམ་ལ་སླེབས་པའི་ལོ་དེར་ང་ཚོའི་གྲྭ་ཚང་གི་རྒྱུགས་སྤྲོད་ཆེན་མོ་དེ་བཏང་བའི་གྲུབ་འབྲས་སུ་ང་ཚོའི་འཛིན་གྲྭར་དགེ་འདུན་པ་དགུ་བཅུ་ཙམ་ཡོད་པའི་ནང་ནས་ང་རང་ནི་བརྒྱ་ཆ་དམའ་ཤོས་དེ་རེད་འདུག་པ་མ་ཚད་རྒྱུགས་ཡང་འཕྲོད་མི་འདུག་པས། རྒན་ལགས་ངའི་མདུན་དུ་ཕེབས་ནས་བློ་བཟང་རང་སྤོ་ལོ་དང་རྩེད་མོ་ཁོ་ནར་མགོ་འཁོར་ནས་བསྡད་པའི་རྐྱེན་གྱིས་འཛིན་གྲྭའི་ནང་སྐྱོ་ཤོས་དེ་ཆགསཔ་རེད་ཅེས། བཀའ་བཀྱོན་ནན་པོ་གནང་བྱུང་། དེ་དུས་འཛིན་གྲྭའི་ནང་དུ་ཡོད་པའི་སློབ་གྲོགས་རྣམས་ཁོ་བོར་བལྟ་བཞིན་དུ་འཕྱ་ལད་རྒྱག་པ་དང་། ལ་ལས་ཁོ་ནི་རྒྱལ་ཁབ་ཕྱི་ནང་གི་ཤེས་བྱ་ཡོན་ཏན་སྦྱང་བརྕོན་བྱེད་རྒྱུ་ཕར་ཞོག་རང་མི་རིགས་ཀྱི་ནང་དོན་རིག་པའི་ཡིག་རྒྱུགས་ཡང་འཕྲོད་མི་འདུག་པས་ཧ་ཅང་ངོ་ཚ་དགོས་པའི་བོད་རིགས་ཀྱི་སློབ་གཉེར་བ་ཞིག་རེད་ཅེས་སྨད་ར་བྱེད་ཀྱི་ཡོད་པ་དེ་དག་ངའི་སྒྲ་འཛིན་དབང་པོའི་ལམ་དུ་ཐོས་སྐབས། ངའི་སེམས་ལ་རྣོ་བའི་ཁབ་བཙུག་པ་ལྟར་བྱུང་ཡང་བྱ་ཐབས་ནི་རྩ་བ་ནས མི་འདུག །དེ་ནི་རང་ཉིད་ཀྱིས་ལེ་ལོ་ཡི་དབང་གི་བཟོས་ཡོད་པ་སྐབས་དེར་ཧ་ཅང་གསལ་པོ་ཤེས་རྟོགས་ བྱུང་དུས་ང་རང་ངོ་ཚ་ཁ་སྐྱེངས་ཞིང་གོམས་པ་རེ་རེ་འདེབས་དུས་མིག་ཆུ་ཡི་ཐིགས་པ་དྲུད་ནས་འགྲོ་དགོས་ཆགས་སོང་། སྐབས་དེ་དུས་ཀྱི་འགྱོད་སེམས་དང་སྐྱོ་གདུང་གི་ཚོར་སྣང་རྣམས་ཇི་བཞིན་འབྲི་བར་དཀའ་ཡང་ད་བར་ཕྲན་གྱི་སེམས་ནང་སྐབས་དེ་དུས་ལས་སྐྱོ་སྣང་ཆེ་བ་ཞིག་དང་ངོ་གནོང་ཆེ་བ་རྩ་བ་ནས་བྱུང་མ་མྱོང་བ་ཞིག་ཡིན།
ཨེ་མ་ཤེས་བྱ་ལགས། ཁྱོད་ནི་ངའི་མི་ཚེ་གཅིག་གི་སྐྱོ་རོགས་ཡིན་ལ་དགའ་གྲོགས་ཀྱང་ལོས་ཡིན།།
No comments:
Post a Comment