གཞུང་རྙིང་གོང་མ་འཛིན་གྲྭ་ངག་དབང་བྱང་ཆུབ་ནས་བྲིས་སོ་།།༢༠༡༡་༡༡་༢༣་
གངས་ཅན་ཡུལ་ལུང་ནང་དུ། གསར་དུ་སྐྱེས་པའི་བྱིས་པ།
རང་ཡུལ་ཕྱོགས་ལ་མ་བསྡད། མི་ཡུལ་ཕྱོགས་ལ་ཕེབས་སོང་།
མི་ཡུལ་གྲྭ་བཙུན་སློབ་ཕྲུག བོད་ཀྱི་རྩ་དོན་ཆེད་དུ།
དགོས་པའི་སློབ་སྦྱོང་མི་བྱེད། ཨ་རིའི་དངུལ་སྒོར་དོན་དུ།
ཉིན་ལྟར་གསང་སྤྱོད་འཁྲུས་བཞིན། ལ་རྒྱ་རྒྱབ་ཏུ་བོར་སོང་།
འཐོབ་བྱ་ལམ་དང་ཐར་པར། རྒྱུད་ལ་འཐོབ་བའི་དོན་དུ།
འབད་བརྩོན་དཀའ་ལས་མི་བྱེད། འཇིག་རྟེན་བྱ་བ་ཕལ་པར།
དོན་མེད་དཀའ་ལས་བྱེད་ནས། རང་སྲོག་བློས་བཏང་བྱེད་ཀྱི
བྱ་བ་བྱེད་པར་ཆོག་ཀྱང་། འཇིག་རྟེན་ལོག་པའི་བྱ་བ།
ཟག་བཅས་དངོས་པོ་རྣམས་ལ། རང་སེམས་ཡིད་དབང་ཆགས་ནས།
འཁོར་བར་འཁོར་བ་མ་ཤེས། བྲལ་བའི་ཐབས་ལམ་མ་ཤེས།
འཛམ་གླིང་མི་དམངས་དེ་ཚོ། དེ་འདྲ་སྐྱོ་པོ་གང་རེད།
དཀྱུས་མ་གྲྭ་ཕྲུག་ང་ཡིས། འཁོར་བར་བྲལ་བའི་དོན་དུ།
མི་ཚེ་སེམས་པ་གང་འགུག རྒྱ་མཚོ་ཕར་ལ་བཞུགས་པའི།
ལྷ་བྱ་ཁུ་བྱུག་སྔོན་མོ། སྙན་པའི་གསུང་དབྱངས་སྒྲོགས་དང་།
འཛམ་གླིང་གནས་པའི་མི་རྣམས། ཁྱོད་གྱི་གསུང་སྐད་ཐོས་དུས།
གསུང་ལ་དད་པ་སྐྱེས་ནས། འགའ་ཞིག་བློ་ཁ་བསྒྱུར་ཡོང་།
རྒྱུ་ནོར་ཁོ་ནའི་ཆེད་དུ། རང་རྒྱུད་སེམས་པའི་གནས་སྟངས།
དོན་མེད་འཕྲོག་བརླག་མ་བྱེད། རང་སེམས་འདུལ་པ་བྱེད་རོགས།
སྙིང་ནས་དམ་ཆོས་དགོས་ན། ཐོས་བསམ་སྒོམ་ལ་བརྩོན་རོགས།
དལ་འབྱོར་མི་ལུས་འདི་ནི། རྒྱུ་ནོར་ལོངས་སྤྱོད་ལས་ཀྱང་།
རྙེད་པ་དཀའ་བའི་དོན་རེད། ལན་ཅིག་རྙེད་པའི་མི་ལུས།
རང་གཞན་དོན་ཆེན་སྒྲུབ་ནས། ཐར་ལམ་གཞི་རྩ་ཚུགས་རོགས།།
No comments:
Post a Comment