ཟུར་བཀོལ་འཛིན་གྲྭ་ངག་དབང་སངས་རྒྱས་ནས་བྲིས་སོ།
ཡིད་འོང་གཞལ་མེད་ཁང་འདྲ་རིགས་བཟང་གི་ཆོས་གྲྭར།
བདག་གིས་གཞུང་ཆེན་སྦྱངས་པའི་ང་རྒྱལ་གྱི་མགོ་འཕང་།
ཆེ་ཆེར་འགྱིང་བའི་སྤོབས་པ་རི་བོ་ལས་མཐོ་བ།
རང་སེམས་འདུལ་བའི་ཐབས་ལ་ཕན་པ་ཞིག་མ་མཐོང་།
ལྗོན་ཤིང་རྭ་བས་བསྐོར་བའི་རྩོད་གྲྭ་ཡི་དཀྱིལ་དུ།
མ་མཐོང་རིག་པའི་གནས་ལ་རྩོད་པ་ཡི་རལ་གྲིས།
རྩོད་ཟླར་བསྣུབ་པའི་ང་རྒྱལ་ཕྲག་དོག་གི་མེ་དཔུང་།
རང་སེམས་འདུལ་བའི་ཐབས་ལ་ཕན་པ་ཞིག་མི་འདུག
གཞུང་ཆེན་བཀའ་པོད་ལྔ་ལ་འབད་པ་ཡིས་སྦྱངས་ནས།
དགེ་བཤེས་མིང་གི་ཆོ་ལོ་ཕྲག་པ་རུ་བསྣམས་ནས།
རྨོངས་པའི་དག་ཞིང་ཨ་རིའི་སྒོར་མོ་ལ་རྔམ་པ།
རང་སེམས་འདུལ་བའི་ཐབས་ལ་ཕན་པ་ཞིག་མ་མཐོང་།
མདོར་ན་ཚེ་འདི་དགའ་བའི་ཟང་ཟིང་གི་སྤྲོས་པ།
ཆགས་སྡང་རྨོངས་ཀྱིས་དཀའ་ཐུབ་རྒྱ་མཚོ་ལ་འཇུག་ན།
ཕྱི་མ་ངན་གསུམ་སྟོང་བའི་ལམ་མཆོག་ཞིག་ཨེ་ཡོད།
བློ་ལྡན་ཟུར་གནས་ངག་གི་དཔྱད་པ་ཞིག་གནང་མཛོད།
ཆེན་པོའི་མིང་དང་མཐོ་བའི་གོ་ས་ཞིག་མེད་ཀྱང་།
ཞིང་མཆོག་བླ་མའི་དྲུང་ནས་ལམ་མཆོག་ཞིག་འཚོལ་ཏེ།
གྲོགས་མེད་དབེན་པའི་གནས་ལ་སྒྲུབ་པ་ཞིག་གནང་ན།
རང་སེམས་འདུལ་བའི་ཐབས་ལ་དེ་ག་རང་ཆོག་པ།
No comments:
Post a Comment