ཕུན་ཚོགས་འཕྲིན་ལས་ནས་བྲིས་སོ་།
བསྟན་པའི་མངའ་བདག་འདྲེན་པ་ཟས་གཙང་སྲས།
ཤིང་རྟའི་སྲོལ་འབྱེད་ཆེན་པོ་ཀླུ་སྒྲུབ་ཞབས།
གངས་ཅན་ཕན་བདེའི་དཔལ་སྟེར་ཙོང་ཁ་པ།
དཔལ་ལྡན་བླ་མ་རྣམས་ལ་གུས་པས་འདུད།
མ་གྱུར་འགྲོ་ལ་བརྕེ་བའི་གཞན་དབང་གྱུར།
མ་ནོར་བྱང་སེམས་ཕན་བདེའི་དཔལ་ལ་སྤྱོད།
མགོན་ཁྱོེད་ཡོངས་ཀྱི་མ་འདྲེས་མཛའ་བཤེས་ལགས།
ས་སྟེང་ཞི་བདེ་མཆོག་ལ་གུས་པས་འདུད།
རྒྱལ་བ་གཉིས་པའི་མདོ་སྔགས་བསྟན་པའི་བཅུད།
ཡོངས་རྫོགས་སྤེལ་ལ་འགྲན་པའི་ཟླ་བྲལ་བ།
རྗེ་བཙུན་ཐུབ་བསྟན་རིན་ཆེན་བཞད་པའི་ཞབས།
མི་ཕྱེད་དད་པའི་སོར་བཅུའི་རྩེ་མོས་མཆོད།
རྒྱ་བོད་མཁས་པའི་གཞུང་ལུགས་པད་ཚལ་ཀུན།
བསྟན་དར་གཞུང་དོན་དཀའ་གནད་མཐའ་དག་ལ།
དྲི་མེད་རིག་པའི་འོད་སྣང་གིས་ཕྱེ་ནས།
སྐལ་བཟང་བུང་བ་མ་ལུས་ཚིམས་པར་མཛད།
ཁྱད་པར་རྗེ་བཙུན་ཡེ་ཤེས་དབང་ཕྱུག་ལ།
བརྟེན་ནས་ཤིང་རྟ་ཆེན་པོའི་གཞུང་ལུགས་ཀུན།
གསན་པས་དགོངས་དོན་མ་ལུས་ཐུགས་སུ་ཆུད།
རབ་ཏུ་སྦྱང་པས་མཁས་པའི་ཕུལ་ཕྱིན་པ།
ཡང་དག་རིག་པ་མྱུར་དང་རྣོ་ཞགས་ཀྱིས།
ཕས་རྒོལ་རྣམས་ཀྱི་ཁ་ལ་རྒྱ་བྱིན་པས།
མཆོག་ཁྱེད་གཞན་ལས་ཁྱད་པར་འཕགས་པ་ནི།
རི་དྭགས་དབུས་སུ་གངས་སེང་དཀར་མོ་བཞིན།
མགོན་པོ་ཁྱེད་ཀྱིས་གཞུང་ལུགས་འཆད་པའི་ཚེ།
དགྱེས་འཛུམ་བཞད་པའིོ་ཞལ་གྱི་ལེགས་བཤད་རྣམས།
དྲི་མེད་རིག་པའི་འགྲོས་ལས་གསལ་བར་མཛད།
གདུལ་བྱ་སོ་སོའི་བློ་དང་འཚམས་པ་ཡི།
དཔལ་ལྡན་སེ་རྭར་མཁས་མང་འདུན་ས་ན།
གཞུང་ལུགས་བརྒལ་བརྟག་སྐྱེད་མོས་ཚལ་ཆེན་དུ།
འཛིན་མཚམས་སྙིང་པོ་རྩོད་མེད་གོང་དུ་འཕུད།
ཕྱོགས་རེས་མཁས་རློམ་ཅན་རྣམས་དབང་མེད་ཞུམ།།
No comments:
Post a Comment