སྐབས་བཞི་པ་དགེ་འདུན་བཀྲིས་ནས་བྲིས།།
འཁོར་བའི་སྡུག་བསྔལ་ཡིད་ལ་མ་བསམ་པར།
མི་རྟག་ཚིག་ཙམ་རྒྱུན་རིང་འདོན་ན་ཡང་།
རང་རྒྱུད་མ་འདུལ་རྟག་འཛིན་གྲངས་མེད་སྐྱེད།
ཐོས་དོན་ཡིད་ལ་མི་སྦྱོར་ཉེས་པ་ཡིན།
གྲྭ་ཆུང་འཁོར་བའི་ཉེས་དམིགས་མཐོང་འདོད་ན།
ཚིག་ཙམ་མ་བྱེད་གང་ཐོས་ཡིད་ལ་བཟུང་།
ཐོས་དོན་ཇི་བཞིན་ཡིད་ལ་གོམས་པས་ན།
འཁོར་བའི་ཉེས་དམིགས་མཐོང་བའི་དུས་ཞིག་ཡོད།
ཐོག་མར་རང་ལུས་འཇིག་ཚུལ་མི་ཤེས་པར།
ཕྱི་ཡི་གཟུགས་སོགས་འཇིག་ཚུལ་ཤེས་མི་ནུས།
རང་ལུས་འཇིག་པའི་བདག་ཉིད་ཤེས་འདོད་ན།
འདུ་བྱེད་སྡུག་བསྔལ་བསྒོམ་པར་རག་ལས་སོ།
དེ་ཉིད་སྡུག་བསྔལ་རང་བཞིན་ཤེས་པ་ལ།
སྡུག་བསྔལ་གཞན་གཉིས་ཡིད་གཏད་མེད་པར་ལྟོས།
གཞན་གཉིས་སྡུག་བསྔལ་རང་བཞིན་མ་ཤེས་པར།
འདུ་བྱེད་སྡུག་བསྔལ་ཤེས་པའི་ཐབས་མེད་དོ།
དེ་གཉིས་སྡུག་བསྔལ་རང་བཞིན་མཐོང་འདོད་ན།
འཇིག་རྟེན་རྣམས་ཀྱིས་འདོད་པའི་བདེ་སྡུག་ཀུན།
བཏགས་པ་ལྟར་དུ་གནས་ལུགས་མ་ཡིན་པས།
སྡུག་བསྔལ་ཉིད་དུ་ཡང་ནས་ཡང་དུ་སོམས།
ཁམས་གསུམ་གང་དུ་གནས་ཀྱང་སྡུག་བསྔལ་གྱི་དྲ་བས།
བཅིངས་པའི་ལུས་ཅན་རྣམ་པར་ཡིད་སེམས་ཞིག་མ་ཆགས།
སྙིང་ཁོང་རུས་པའི་གཏིང་ནས་གྲོལ་བྱེད་ཞིག་ཚོལ་ན།
སྔོན་བྱོན་དམ་པ་བཞིན་དུ་གཏན་བདེ་ཞིག་ཐོབ་ཡོང་།
དེ་བཞིན་ནོར་བཟང་རང་ཉིད་རྒྱུད་ལ་འབྱུང་འདོད་ན།
ཕྱོགས་མཚམས་གང་དུ་ཕྱིན་ཡང་རང་སེམས་དེ་འཚོལ་བཞིན།
བསླབ་ཁྲིམས་ངོ་ལྐོག་མེད་པ་བཤེས་གཉེན་ལ་དད་ན།
སྙིགས་དུས་ཚད་ཐུང་གཅིག་ལ་ཐར་པ་ཞིག་འགྲུབ་ཡོང་།
ཤིན་ཏུ་དཔོག་པར་དཀའ་བའི་དུག་གསུམ་གྱི་ཉེས་དམིགས།
རྟེན་འདིར་མ་ཐུག་བར་དུ་གྲངས་མེད་ཞིག་བསགས་ཀྱང་།
ད་དུང་འཇིགས་སྣང་མེད་པ་སྐྱིད་སྣང་རང་བསམ་ན།
དལ་བའི་རྟེན་འདི་རྙེད་པ་དོན་མེད་ཞིག་འགྱུར་སོང་།
ཐར་ལམ་བསྒྲུབ་ཕྱིར་ངུར་སྨྲིགས་ཆ་ལུགས་གི་འཛིན་ཡང་།
བསགས་པའི་ལས་ངན་འབྲས་བུ་རི་བོ་ལས་མཐོ་སོང་།
སྐྱེས་པའི་ཉོན་མོངས་ཉེས་དམིགས་རྒྱ་མཚོ་ལས་ཟབ་པ།
རྨོངས་པའི་བྲན་དུ་གྱུར་པའི་ཕྱིས་འགྱོད་ཀྱི་འབོད་སྒྲ
སངས་རྒྱས་བསྟན་དང་འཇལ་བའི་རྟེན་བཟང་ཞིག་རྙེད་འདུག
བཤེས་གཉེན་དམ་པ་འཕྲད་པའི་སྨོན་ལམ་དེ་འགྲུབ་འདུག
འདི་ལས་ལྷག་པའི་དམ་ཆོས་སྒྲུབ་སྐལ་ཞིག་མེད་པས།
གང་ཤེས་ཡིད་ལ་སྦྱར་ཏེ་ཐར་པ་དེ་སྒྲུབས་ཤིག །
No comments:
Post a Comment