མེ་ཏོག་དཀར་པོས་འཚམས་དང་འདིར་འཕེབས་པར་དགའ་བསུ་ཞུ།

ང་ནི་སྐྱེས་པ་ཁྱེད་ཀྱི་ཆེད་དུ་སྐྱེས་པ་ཡིན་ལ། འཚོ་བ་ཡང་ཁྱེད་ཀྱི་ཆེད་དུ་འཚོ་བཞིན་མཆིས། ང་ནི་ནམ་ཡང་ཁྱེད་ཀྱི་ཡིན་པས། ཁྱེད་ཀྱིས་ངེས་པར་དུ་ང་སྤྱད་རོགས།

Friday, 6 May 2011

ངའི་མི་ཚེ།

བློ་བཟང་ཆོས་འབྱོར་ནས་བྲིས་སོ།།
གཞུང་ཆེན་དུ་མ་ཁ་རུ་བསུས་ཀྱང་བརྩོན་པའི་བློ་དེ་གསེར་ལས་དཀོན།
ཉམས་པའི་ལེ་ལོ་དཔག་མེད་སྐྱེད་དེ་དེང་གི་ཉི་མ་ནུབ་ལ་བརྐྱལ།
ཡ་རབས་སྤྱོད་བཟང་གྲོགས་དང་མ་མཐུན་དོན་མེད་ལས་ཀྱི་འཁོར་ལོ་སྐོར།
མི་ཚེ་འདི་ཡི་ཕྱེད་ཀ་འདས་ཀྱང་དོན་ལྡན་བྱ་བ་གཅིག་ཀྱང་མེད།

རིག་པའི་གནས་ལ་བརྡར་ཤ་མི་གཅོད་གཞོན་ནུའི་ལང་ཚོ་སྟོང་བར་ཟད།
དྲིན་ཆེན་བླ་མའི་བཀའ་སློབ་མ་ཉན་རྒྱུས་མེད་ཡུལ་གྱི་ས་མཐར་འཁྱམ།
བྱམས་སེམས་ཅན་གྱི་ཐུགས་འདུན་མ་བསྐོང་མགོ་སེར་ཡུལ་གྱི་བྲན་གཡོག་རྒྱུག
དལ་འབྱོར་རྟེན་འདི་ནོར་ལས་ལྷག་ཀྱང་མི་རྟག་འགྱུར་བ་སུ་ཡིས་འགོག

བླང་དོར་གནས་ལ་གོམས་ཁ་མ་བསྒྱུར་སྒྲོ་སྐུར་ཚིག་གི་བུ་ཡུག་འཚུབ།
མཁས་གྲུབ་རྣམས་ཀྱི་སློབ་གསོ་དོར་ནས་བློན་པོ་ཆུ་སྣེ་གང་འཁྲིད་བཞིན།
དགའ་གཉེན་མི་ཡིས་སྡང་མིག་བགྲད་ཀྱང་སེམས་ལ་ཕན་པའི་གོ་བརྡ་མེད།
བསམ་ཤེས་མེད་པའི་སྐྱེ་བོ་རྣམས་ཀྱིས་ལེགས་ཉེས་བླང་དོར་འབྱེད་མི་སྲིད།

ཕྱིར་དྲན་བློ་ཡིས་ཞིབ་པར་མ་དཔྱད་ཕན་གནོད་ཆུ་ཡི་རི་མོ་བཞིན།
འདི་ལྟར་འདས་པའི་ལོ་ཟླ་གྲངས་མེད་བྱིས་པའི་ཁྲོམ་ལས་ལོག་ཐབས་ཟད།
ནག་སྣུམ་སྐྲ་ལོར་སེར་ཐིག་ལྷུང་ཡང་འགྱོད་པའི་རྣམ་ཤེས་སྦྲུམ་རྒྱུ་མེད།
མི་ཡི་ཡུལ་ནས་མི་ཟས་སྤྱོད་ཀྱང་མི་ཡི་གྲལ་ནས་མ་བུད་ཨང་།།

No comments: