མེ་ཏོག་དཀར་པོས་འཚམས་དང་འདིར་འཕེབས་པར་དགའ་བསུ་ཞུ།

ང་ནི་སྐྱེས་པ་ཁྱེད་ཀྱི་ཆེད་དུ་སྐྱེས་པ་ཡིན་ལ། འཚོ་བ་ཡང་ཁྱེད་ཀྱི་ཆེད་དུ་འཚོ་བཞིན་མཆིས། ང་ནི་ནམ་ཡང་ཁྱེད་ཀྱི་ཡིན་པས། ཁྱེད་ཀྱིས་ངེས་པར་དུ་ང་སྤྱད་རོགས།

Friday, 6 May 2011

བསྟོད་ཕྱག་

ཟུར་བཀོལ་འཛིན་གྲྭ་བློ་བཟང་ཚེ་རིང་ནས།།
མཚན་བཟང་དཔེ་བྱད་རྒྱན་པའི་སྐུ་ངེས་མཆོག
མཁྱེན་བརྩེའི་གསུང་རབ་བདུད་རྩིའི་འོད་འདི་ཤར།
ཐེག་གསུམ་ལམ་མཆོག་སྡེ་སྣོད་གསལ་སྐྲུན་གྱིས།
སྟོན་པའི་སྐུ་གསུང་ཐུགས་ལ་གུས་ཕྱག་འཚལ།
ཤེས་བྱའི་གནས་ལུགས་ཇི་ལྟར་གཟིགས་པའི་མཁྱེན།
ཟབ་མོའི་རྟེན་འབྱུང་གསུངས་པའི་འཇམ་པའི་བརྩེས།
གདུལ་བྱ་གང་ལ་གང་འདོད་ཐར་ལམ་སྟོན།
བྱམས་མགོན་འཇམ་དབྱངས་གཉིས་ལ་ཕྱག་འཚལ་ལོ།
འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན།
སྙན་པའི་སྒྲ་དབྱངས་རྒྱ་མཚོའི་རླབས་བཞིན་འཁྱུར།
གསུང་རབ་དྲང་དོན་སོ་སོར་དབྱེ་གཞི་འབྱེད།
ཀླུ་སྒྲུབ་ཐོགས་མེད་གཉིས་ལ་གུས་ཕྱག་འཚལ།
གངས་ལྗོངས་ཤེལ་དཀར་ཆོས་ཀྱི་རྒྱལ་ས་ལ།
ཐལ་རང་ལྟ་བའི་རྩ་བ་འཛུགས་མཛད་པ།
ཉི་ལྟར་གསལ་མཛད་མཁྱེན་རབ་མཆོག་མངའ་བའི།
སངས་བསྐྱངས་ལེགས་འབྱེད་གཉིས་ལ་གུས་ཕྱག་འཚལ།
ཐུབ་བསྟན་ལུང་རྟོགས་ཟབ་ཞིང་རྒྱ་ཆེ་འདི།
མི་ནུབ་གོང་འཕེལ་བཏང་ལ་སྐྱོང་མཁས་པའི།
དབྱིག་གཉེན་ཞབས་དངབློ་བརྟན་ཕྱོགས་གླང་དང་།
ཤིང་རྟ་སྲོལ་འཛིན་རྣམས་ལ་གུས་ཕྱག་འཚལ།
གང་སྐུ་མཚན་དཔེའི་མཛེས་རྒྱན་ཡོངས་སྤྲས་པ།
སྡེ་སྣོད་གསུམ་གྱིས་གྲེ་འགྱུར་རབ་རླན་པ།
མཁྱེན་བརྩེ་གཉིས་ཀྱིས་འགྲོ་བའི་རྨོངས་གཅོད་པའི།
བློ་བཟང་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ།
སྟོང་ཉིད་སྙིང་རྗེས་རྒྱན་པའི་འགྲོ་བའི་མགོན།
བྱམས་བརྩེ་རིན་པོ་ཆེ་ཡི་གདུགས་མཆོག་འཛིན།
འགྲོ་བའི་གདུང་སེལ་སྨན་གྱི་ནུས་ཤུགས་སྦྱིན།
འཕགས་མཆོག་ཕྱག་ན་པད་མོར་གུས་ཕྱག་འཚལ།
སེམས་པ་བཤེས་གཉེན་ཀུན་ལ་དད་སྤྲོ་ཆེ།
ཕྱིན་སོགས་སྡེ་སྣོད་རྣམས་ལ་མཐར་ཕྱིན་པ།
བསླབ་པ་གསུམ་གྱི་ཉམས་ལེན་གཏེར་མཛོད་མཆོག།
འོད་ཟེར་བླ་མ་མཆོག་ལ་གུས་ཕྱག་འཚལ།
བཀའ་དྲིན་ཅན་ཁྱོད་མཚན་དཔེས་མ་རྒྱན་ཀྱང་།
གཞུང་ཆེན་གདམས་ངག་བདུད་རྩིའི་ཆར་དུ་སྙིལ།
བདག་སེམས་དགེ་བའི་ཕྱོགས་སུ་རྒྱུན་སྐུལ་བ།
སྐྱབས་ཡུལ་བཤེས་གཉེན་མཆོག་ལ་གུས་ཕྱག་འཚལ།
བཀའ་དྲིན་ཅན་གྱི་དགེ་བའི་བཤེས་གཉེན་ཚོགས།
ཐུགས་རྗེ་ཅན་གྱི་ཆོས་གྲོགས་རྣམ་པ་ཚོ།
རྣམ་མཁྱེན་བསྒྲུབ་པའི་ཞི་སྒོ་ལམ་སྟོན་པའི།
ཞི་མཐུན་དགེ་འདུན་སྡེ་ལ་གུས་ཕྱག་འཚལ་ལོ།
ན་གཞོན་བློ་གྲོས་ཞན་པའི་དགེ་སློང་ངས།
སྐྱེས་མཆོག་དགོངས་དོན་ཇི་བཞིན་མི་ཤེས་དུས།
དེ་ལ་མཆོད་པ་ལེགས་པ་མི་ཡོང་ཡང་།
དད་གུས་སོགས་ཀྱིས་མདོར་བསྡུས་འདི་བྱས་སོ།།

No comments: