མེ་ཏོག་དཀར་པོས་འཚམས་དང་འདིར་འཕེབས་པར་དགའ་བསུ་ཞུ།

ང་ནི་སྐྱེས་པ་ཁྱེད་ཀྱི་ཆེད་དུ་སྐྱེས་པ་ཡིན་ལ། འཚོ་བ་ཡང་ཁྱེད་ཀྱི་ཆེད་དུ་འཚོ་བཞིན་མཆིས། ང་ནི་ནམ་ཡང་ཁྱེད་ཀྱི་ཡིན་པས། ཁྱེད་ཀྱིས་ངེས་པར་དུ་ང་སྤྱད་རོགས།

Friday, 6 May 2011

སྤུན་ཆུང་དྲན་གླུ

ཆོས་བཟང་སྤྲུལ་མིང་ནས་བྲིས།
ལས་དབང་ཞིག་གི་ལམ་སྣེ་སྟེང་ནས་ང་རང་མི་ཡུལ་ཕྱོགས་སུ་སླེབས།
བགྲང་བྱ་གཉིས་ལྷག་ཁེར་རྐྱང་སྐྱུར་མོར་ངུ་ངག་སྐྱུར་མོས་འགྲན་ནས་བཞུད།
དཀོན་མཆོག་སྙིང་རྗེས་མ་བཟོད་ཁྱོད་ཀྱི་འཛུམ་མདངས་ཨ་མའི་པང་དུ་འཁྱིལ།
དེ་ནས་བཟུང་སྟེ་ལོ་ཟླའི་འཁོར་བསྐྱོད་རླུང་གི་རྒྱུ་བ་རྗེས་སྙེག་སྟེ།
བགྲང་བྱ་བཅུ་གཉིས་འཛུམ་ཐེངས་ཅིག་ནས་མཛེས་ཀོང་བར་དུ་ཐིམ་ཟིན་འདུག
འཇིག་རྟེན་ཆོས་ཉིད་བསམ་མྱོང་མེད་པའི་བྱིས་པ་ཟུང་ཞིག་གློ་བུར་དུ།
གྱེས་བྲལ་མིག་ཆུའི་བགྲོད་ལམ་རྒྱུད་དེ་དྲན་གདུང་འཇིག་རྟེན་སྙེག་དགོས་པའང་།
དམར་པོ་རླུང་གིས་གངས་ལྗོངས་འཛུམ་གྱི་ལམ་བུར་གཡུག་པའི་རི་བོ་ཞིག
འགྲོག་འདྲེས་རྐང་རྗེས་དུ་མས་བརྩེགས་པའི་བརྩེ་བའི་ཤེལ་གྱི་ཕོ་བྲང་ན།
མཚན་གང་གདང་རྒྱབ་གཡང་ནས་སྣང་བརྙན་གསོན་པོའི་རྦ་ཆུ་ཤུགས་ཀྱི་བཞུད།
དགུན་སྔོན་དབྱིངས་ཀྱི་ཁེར་རྐྱང་ཟླ་བ་གས་ཁ་སེམས་ཀྱི་ཚོར་བ་བྱོན།
ལྷག་པར་རྒྱས་པའི་ཆུ་གཏེར་གྲང་མོ་ཁྲ་ཆུང་མིག་གིས་དགར་མར་བཞེས།
སྙན་ངག་སྐྱུར་མོས་སྐྱ་རེངས་ལྷ་མོ་མགྲོན་དུ་བོས་པ་གྲངས་ལས་འདས།
ཉི་གཞོན་གསར་པའི་འཛུམ་མདངས་གྲོལ་ཚེ་སྤུན་ཆུང་མཇལ་བའི་མདུན་པ་བཞད།
འདོད་པ་དྲག་པོའི་མེ་ལྕེ་དམར་པོ་ནུབ་ཁའི་མཚམས་སྤྲིན་མདངས་ལ་མཁྱུད།
བདག་ལ་འདོད་པ་ཁྱོད་ཀྱི་བྱིས་པའི་འཛུམ་ཆུང་མངར་མོ་ཡིན་མོད་ཀྱང་།
ཚན་རིག་འཕྲུལ་གྱིས་འཛུམ་མདངས་མངར་མོའི་སྐལ་བ་ཆར་དུ་བསྙིལ་བའི་ཚེ།
དར་མའི་འཛུམ་གྱིས་བྱིས་པའི་སྦྲང་རྩིའི་བཅུད་ལ་ཅུང་ཟད་ལྷད་ཟིན་འདུག
འོན་ཀྱང་སྔར་བཞིན་དགུན་གྱི་རྩ་ཕྲན་དག་ལ་དཔྱིད་ཀྱི་དཔལ་མོ་ཉིད།
བགྲང་བྱའི་འགྲོས་ནས་དལ་བུར་དལ་བུར་འཛུམ་ཆུང་གཉེར་མས་བརྩེགས་སོང་དུས།
མཛའ་བརྩེའི་འཛུམ་མདངས་ཕན་ཚུན་འཁྱུད་དུས་འཛུམ་ཆུང་དབུ་སྐྲ་དུང་ཡིན་ནམ།།

No comments: