མེ་ཏོག་དཀར་པོས་འཚམས་དང་འདིར་འཕེབས་པར་དགའ་བསུ་ཞུ།

ང་ནི་སྐྱེས་པ་ཁྱེད་ཀྱི་ཆེད་དུ་སྐྱེས་པ་ཡིན་ལ། འཚོ་བ་ཡང་ཁྱེད་ཀྱི་ཆེད་དུ་འཚོ་བཞིན་མཆིས། ང་ནི་ནམ་ཡང་ཁྱེད་ཀྱི་ཡིན་པས། ཁྱེད་ཀྱིས་ངེས་པར་དུ་ང་སྤྱད་རོགས།

Friday, 6 May 2011

སྙིང་ནས་གསོལ་འདེབས།

སེར་སྨད་ཚ་བ་ཐུབ་བསྟན་ཚུལ་ཁྲིམས་
ཚོགས་གཉིས་བསྐྲུན་ལ་དཀའ་བ་སྤྱད་ཅིང་བདུད་སྡེ་འཇོམས་པའི་གཡུལ་དུ་ཆས།
མགོན་པོ་གང་གི་སྐུའི་གཟི་བྱིན་འབར་བའི་མཛད་བཟང་གཞལ་དུ་དཀའ།
བྱམས་དང་སྙིང་རྗེས་ཕྱོགས་མཚམས་ཀུན་ཏུ་དྲི་མེད་ཞི་བདེའི་ཆོས་ཆར་དབབས།
མགོན་པོ་གང་ཉིད་ས་ཡ་དྲུག་གི་སྙིང་དབུས་མགོན་དུ་རྟག་བཞུགས་གསོལ།
རྟེན་འབྱུང་གཏམ་གྱི་ཆོས་སྒྲ་ཆེན་པོ་རྒྱུན་མི་ཆད་པར་ལྷང་ལྷང་བསྒྲགས།
གང་གི་མཛད་རྣམ་གོ་ལའི་ངོས་སུ་ཐུགས་རྗེའི་ཕྱག་གིས་རི་མོ་བཀྲ
འཛམ་གླིང་ཡུལ་གྲུ་གང་སར་འགྲོ་དོན་སླད་དུ་འབྱོན་པར་མཛད་པའི་ཚེ།
མི་འཇིགས་སྤོབས་པ་བཞི་ཡིས་དྲེགས་ལྡན་སྐྱེ་བོ་འདུལ་ལ་སོམ་ཉི་ཅི།
མགོན་པོ་གང་ཉིད་རྒྱལ་ཁབ་གཞན་དུ་གཤེགས་པར་ས་ཡ་དྲུག་གི་མཆི་མ་ཤོར།
གངས་ལྗོངས་ཆུ་བོ་བཞི་ཡི་རྦ་རླབས་དྲག་པོའི་སྒྲ་ལས་སྨྲེ་ངག་ལྷང་ལྷང་འབྱིན།
ཡིད་ཐང་ཆད་ཅིང་གདུང་བས་མནར་བའི་མོད་ལ་དྭངས་གསལ་ལོ་ཟླ་ངང་གིས་བསླེབས།
གཟི་བརྗིད་འོད་སྟོང་འབར་བའི་པོ་ཏ་ལ་ནས་གནས་སྐབས་བྲལ་དགོས་བྱུང་ན་ཡང་།
མགོན་པོ་གང་གི་སྔོན་གྱི་ཐུགས་བསྐྱེད་ཟབ་མོའི་མཛད་རྗེས་རླབས་པོ་ཆེ།
གོ་ལའི་མདུན་པོའི་དབུས་ནས་ལྷུན་པོ་ལས་ཀྱང་གང་སྐུའི་གཟི་བརྗིད་ཆེ།
ཀུན་ཕན་ཞི་བདེའི་དར་ཆ་སྒྲེང་མཁན་གང་གི་རྗེས་འབྲང་མཆིས་ན་ཡང་།
མགོན་པོ་གང་དུ་བཞུགས་ཀྱང་མུ་མཐུད་དབུ་ཁྲིད་ཐུགས་རྗེས་གཟིགས་པར་མཛོད།
རྨོངས་མུན་གཉིད་ལས་སད་ཚེ་རྗེས་ལུས་ཅན་ཞེས་གཏམ་ངན་ཐོས་སྐབས་ཧ་ལས་ཤིང་།
གདུང་བས་མནར་བས་མཆི་མས་གདོང་སྐམ་བརླན་བཞིན་མངོན་ཐོན་བྲལ་དུ་མདུན་བསྐྱོད་བྱས།
རང་རེའི་མེས་པོའི་ཁབ་ཀྱི་རི་ཀླུང་ཀུན་ཏུ་ནགས་ཚལ་བཅད་པས་ཁུར་གྱིས་ནོན།
ཁ་བའི་ལྗོངས་སུ་གངས་ཅན་པ་རྣམས་དམར་པོའི་རིང་ལུགས་བཙན་པོས་རབ་ཏུ་མནར།
མགོན་པོ་གང་གི་སྒོ་གསུམ་ངལ་བརྒྱས་གནག་ཅིང་སྣུམ་པའི་དབུ་ཡི་ལྗོན་པ་དཀར་པོར་གྱུར།
གང་གི་ཐུགས་རྗེའི་བསིལ་ཟེར་ཅན་གྱིས་ཚ་གདུང་སེལ་བས་གོ་ལའི་རྒྱན་དུ་མཚར།
གངས་ཅན་ཞིང་གི་བསྟན་པའི་རྨང་གཞི་བསྐྲུན་མཁས་མགོན་པོ་མཆོག་གཞན་སུ་མ་མཆིས།
ཁྱེད་ཀྱིས་ཅི་གསུང་རྗེས་འཛིན་ང་ཚོའི་མི་རབས་རྣམས་ཀྱིས་བཀའ་བཞིན་བསྒྲུབ་ལགས་སོ།
དེས་ན་མགོན་པོ་ཁྱེད་ཀྱི་ཐུགས་བསྐྱེད་དམ་བཅའ་བཙན་པོ་མི་འདོར་བར།
སྐྱེ་བ་ཀུན་ཏུ་ཁྱེད་ཀྱི་བརྩེ་ཆེན་ཐུགས་རྗེའི་ཕྱག་གིས་ཉེར་བཟུང་སྟེ།
བདག་ཅག་ཁྱེད་ཉིད་གཤེགས་ཤུལ་དེ་རུ་ཁྲིད་པའི་ལམ་བཟང་སྟོན་མཛད་ན།
བདག་ཅག་མ་ནོར་ལམ་བཟང་སྟོན་པར་མཛད་པར་མི་འཇུག་ཅིའི་ཕྱིར་ལགས།
མ་འོངས་ཕུགས་རྒྱང་རིང་པོར་མཐོང་བའི་བློའི་མིག་ནི་མ་མཆིས་ཤིང་།
རང་རེའི་མེས་པོའི་ཤུལ་རྗེས་སླར་གསོའི་གནའ་དེང་ཤེས་ཡོན་འབྱོར་པས་དབུལ།
སྟོབས་ཆེན་རྒྱ་དམར་གཞུང་གི་ཚུལ་མིན་ཁྲིམས་ཀྱིས་རང་ཅག་གདུང་བས་མནར།
ས་གཞི་ལག་མཐིལ་ཙམ་ཞིག་རང་དབང་མེད་པར་གཞན་གྱིས་བཙན་པོས་འཕྲོག
ཐ་ན་འགྲོ་འདུག་ཉལ་གསུམ་ཚུན་ཆད་གཞན་གྱི་ལུང་པར་དཀའ་བས་ཁུར་གྱིས་ནོན།
དཀའ་སྡུག་ཁྱད་དུ་གསོད་དེ་མ་འོངས་ཕུགས་མདུན་བཅངས་ནས་མགོ་བོ་སྒུར་ཏེ་བསྡད།
དམུས་ལོང་བཞིན་དུ་གང་འགྲོ་གང་སྡོད་མི་ཤེས་རང་ཅག་ཁ་བ་རི་པ་རྣམས།
མགོན་པོ་ཁྱེད་ཀྱིས་བརྩེ་ཆེན་ཐུགས་རྗེ་ཆེན་པོས་ཡལ་བར་འདོར་ལགས་ན།
ཕྱོགས་དུས་ཀུན་ཏུ་རང་ཅག་ཁ་བ་རི་པ་རྣམས་ཀྱི་མགོན་དཔུང་དམ་པ་གཞན།
བཙལ་ན་རྙེད་རྒྱུ་མེད་པ་ལྷ་མི་ཀུན་གྱིས་མཐོང་ཆོས་གྱུར་ལགས་ཤིང་།
དགོས་པའི་དོན་དུ་གཟིགས་ཏེ་བརྩེ་ཆེན་ཐུགས་རྗེས་རང་ཅག་མི་འདོར་བར།
སྐུ་ཚེ་བསྐལ་བརྒྱར་བརྟན་ཏེ་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བཞུགས་མཛོད་ཀྱེ།།

No comments: