མེ་ཏོག་དཀར་པོས་འཚམས་དང་འདིར་འཕེབས་པར་དགའ་བསུ་ཞུ།

ང་ནི་སྐྱེས་པ་ཁྱེད་ཀྱི་ཆེད་དུ་སྐྱེས་པ་ཡིན་ལ། འཚོ་བ་ཡང་ཁྱེད་ཀྱི་ཆེད་དུ་འཚོ་བཞིན་མཆིས། ང་ནི་ནམ་ཡང་ཁྱེད་ཀྱི་ཡིན་པས། ཁྱེད་ཀྱིས་ངེས་པར་དུ་ང་སྤྱད་རོགས།

Friday, 6 May 2011

བླ་བརྒྱུད།

བསོད་ནམས་དར་རྒྱས་ནས་བྲིས་སོ།
སྨྲ་བ་ཟླ་མེད་འདྲེན་མཆོག་ཤྭཀྱའི་རྒྱལ།
ཟབ་རྒྱས་རྒྱུད་འཛིན་མི་ཕམ་འཇམ་པའི་དབྱངས།
མཆོག་ཟུང་གཏད་རབས་བདུན་དང་གནས་བརྟན་སོགས།
སྟོན་པའི་འཁོར་ཚོགས་ཡོངས་ལ་གུས་པས་འདུད།
ཟབ་དོན་དབང་མཛད་ཀླུ་སྒྲུབ་ཡབ་སྲས་དང་།
སྦས་དོན་གསལ་མཛད་ཐོགས་མེད་སྐུ་མཆེད་ལས།
རྒྱུད་པའི་ཆུ་བོ་གཅིག་འདྲེས་གདམ་པ་མཆོག
མཛོད་འཛིན་ཨྭ་ཏི་ཤ་དང་འབྲོམ་རྔོག་སོགས།
བཀའ་གདམས་གོང་མའི་བླ་མ་ཇི་བྱོན་དང་།
འཇམ་དབྱངས་མི་ཡི་རྣམ་རོལ་ཙོང་ཁ་པ།
རིག་པའི་དབང་ཕྱུག་རྒྱལ་ཚབ་མཁས་གྲུབ་སོགས།
སྔོན་བྱོན་སྐྱེས་མཆོག་ཀུན་གྱི་རྣམ་ཐར་ནི།
དྲན་པས་དད་པས་སྐུལ་བའི་བླ་མ་ཡི།
རྣམ་ཐར་འབྲི་ལ་བདག་བློ་སྤྲོ་བས་བརྟས།
སྐལ་པ་དཔག་མེད་སྔོན་ནས་ཐུགས་བསྐྱེད་དེ།
སྐུ་བཞི་མངོན་དུ་གྱུར་ཀྱང་སྙིགས་དུས་འདིར།
སྔོན་གྱི་སྨོན་ལམ་མཐུ་ཡིས་དམན་པ་ཡི།
བློ་དང་འཚམས་པའི་མགོན་སྐྱབས་ཁྱོད་ཉིད་ཟད།
སྟོན་པའི་རྣམ་ཐར་ཇི་བཞིན་ས་ཆེན་འདིར།
མུ་མེད་བྱེ་ཐང་དབུས་སུ་མཚོ་རྡོལ་ལྟར།
མཚན་དཔེ་རང་ཆས་བལྟ་བས་མི་ངོམས་སྐུ
ངོ་མཚར་སྣ་ཚོགས་ལྟས་བཅས་ཁྱོད་བལྟམས་སོ།
སྐུ་ན་ཤིན་ཏུ་ཆུང་བའི་དུས་ན་ཡང་།
བསྟན་སྲིད་སྣུམ་ཟད་མེ་བཞིན་འཇིགས་ཉེན་པར།
བརྩེ་བས་གཟིགས་པས་མི་བཟོད་ཆོས་སྲིད་ཀྱི་
འགན་དབང་བདག་གིར་ཡོངས་སུ་བཞེས་མཛད་པའི།
བླ་མེད་དབུ་ཁྲིད་ཁྱོད་མཚུངས་གཞན་མ་མཆིས།
རྒྱལ་བསྟན་རིས་མེད་མངའ་བདག་ཡོངས་བཞེས་པས།
བསྟན་པ་གཅིག་ལ་སྟོན་པ་གཉིས་བྱུང་ཞེས།
ལྷ་དང་བཅས་པའི་འཇིག་རྟེན་ཀུན་ལ་གྲགས།
ཟབ་དོན་འཆད་ཚེ་ཀླུ་སྒྲུབ་རྗེས་འབྲངས་ཀྱི
འགྲེལ་མཛད་གཞན་ཀུན་ངལ་གསོའི་གནས་ལ་བཀོད།
ཆོས་སྲིད་གང་ལའང་དབུ་མ་སྲོག་བྱས་པའི།
མཐའ་བྲལ་དབུ་མ་སྤེལ་མཛད་ཐབས་མཁས་འདི།
ཕྱོགས་ཀུན་རྒྱལ་བ་རྣམས་ལའང་ཡོད་དམ་ཞེས།
ཡིད་གཉིས་ཐེ་ཚོམ་གནས་སུ་ལྷུང་བར་འགྱུར།
སྙིགས་མའི་དུས་འདིར་དབུ་མའི་མིང་འཛིན་རྣམས།
མཐའ་བྲལ་དབུ་མར་རློམས་བཞིན་མཐའ་རུ་ཚུད།
མཐའ་གཉིས་མུན་པའི་སྨག་རུམ་འཐིབས་པ་ལ།
དབུ་མའི་ལམ་བཟང་ཉིན་བྱེད་ཁྱོད་ཀྱིས་སྤར།
ལོག་སྨྲའི་འབྱུང་པོའི་ཚོགས་ཀུན་བསྐྲད་བྱེད་པའི།
ཟེར་བརྒྱའི་རྟ་བདུན་དབང་པོ་རྒྱལ་གྱུར་ཅིག
བྱམས་པའི་ཐུགས་ཀྱི་བཅུད་ཕྱུངས་བྱམས་པ་དང་།
སྙིང་རྗེའི་བདུད་རྩིའི་ཆར་ཆེན་འབེབས་པ་ཡི།
གཅེས་འཛིན་སྐོམ་གྱིས་གདུང་བའི་འགྲོ་བ་རྣམས།
སྒོ་གསུམ་བྱམས་པའི་ཆུ་ཡིས་ཚིམས་པར་བྱས།
བྱམས་བརྩེའི་རྔ་བོ་ཆེ་དེ་ཕྱོགས་བཅུ་རུ།
དལ་མེད་རྒྱུན་དུ་བརྡུང་བའི་སྒྲ་ཆེན་གྲགས།
སྔོན་བྱོན་མཁས་རྣམས་རང་རང་གཞུང་ཙམ་ལ།
མཁས་པས་མཁས་པར་གྲགས་ཀྱང་མགོན་ཁྱོད་ནི།
ཕྱི་ནང་ཀུན་གྱི་གཞུང་དང་དེང་དུས་ཀྱི
རིག་པའི་གནས་ལ་མ་མཁས་ཡོད་མ་ཡིན།
དེ་སླད་མཁས་པ་ཀུན་གྱིས་གཙུག་ཏུ་བཀུར།
མཁྱེན་པའི་མཁའ་ལ་སྙིང་བརྩེའི་སྤྲིན་འཁྲིགས་ནས།
རྫོགས་ལྡན་དུས་སུའང་རྙེད་པར་དཀའ་བ་ཡི།
སྣ་ཚོགས་གདུལ་བྱའི་མོས་དང་འཚམས་པ་ཡི།
དམ་ཆོས་བདུད་རྩི་ཆར་ཆེན་འབེབས་པར་མཛད།
བདེ་གསང་འཇིག་དང་པད་འཛིན་ཕྱག་སྟོང་སོགས།
རྒྱུད་སྡེ་བཞི་ཡི་ལྷ་ཚཽགས་གྲངས་མེད་དང་།
སངས་རྒྱས་སྟོང་དང་བྱང་སེམས་ཆོས་སྐྱོང་སྲུང་།
སྣ་ཚོགས་མཚན་ནས་སྨོས་ཏེ་གསོལ་འདེབས་ནའང་།
མཚན་མོའི་མགོན་བཞིན་ཉམ་ཐག་འགྲོ་བ་ཡི།
སྐྱབས་གཅིག་ཁྱོད་ལས་གཞན་དུ་མ་རྙེད་དོ།
དེ་ཕྱིར་ཁྱོད་ལ་སྐྱབས་སུ་གསོལ་བར་འདེབས།
བྱང་ཆུབ་བར་དུ་ཐུགས་རྗེས་བཟུང་དུ་གསོལ།
འཁོར་བ་མ་སྟོང་བར་དུ་ཁྱོད་སྐུ་ནི།
འགྱུར་མེད་རྡོ་རྗེའི་ངང་དུ་རྟག་བརྟན་ཤོག
གཞན་དག་རབ་བཏགས་གཅམ་བུའི་ཚིག་གིས་བསྟོད།
དེ་ལྟར་དྭངས་བའི་ཡིད་ཀྱིས་དྲངས་པ་ཡི།
བཤེས་གཉེན་དམ་པའི་ཡོན་ཏན་ཆ་ཙམ་ཞིག
བརྗོད་ཁུལ་ལགས་ཀྱང་བླུན་པོས་བསྟོད་པ་ལས།
མཁས་པས་སྨད་པ་དགའ་ཞེས་ངག་རྒྱུན་བཞིན།
བསྟོད་སྨད་གོ་ལྡོག་མཆིས་ན་མགོན་ཁྱོད་ཀྱི།
སྤྱན་སྔར་འགྱོད་གདུང་དྲག་པོས་ཐོལ་ལོ་བཤགས།
བཅས་པ་འདི་ནི་ཁ་ཞེ་རྒྱབ་འགལ་དུ་སོང་བའི་བཙུན་གཟུགས་ཙམ་འཛིན་པ་སྨད་ཚ་བསོད་ནམས་དར་རྒྱས་ནས་བྲིས་སོ་།།


No comments: