བྱང་ཆུབ་སེང་གེ་ནས་བྲིས་སོ།
དྲང་བདེན་དང་རང་དབང་མེད་ཞིང་ཟང་ཟིང་གི་དུས་རབས་དེའི་ཁྲོད་དུ་ཁྱེད་ཚོའི་དཔའ་ངར་ལྡན་པའི་སྙིང་སྟོབས་དང་ཞུམ་པ་མེད་པའི་ལྷག་བསམ་ཡིས་འབྱུང་འགྱུར་གྱི་གངས་ལྗོངས་དང་གངས་ཕྲུག་རྣམས་ཀྱི་ཆེད་དུ་གངས་སེང་གི་དར་ཆ་དགུང་ལ་འཕྱར་ཞིང་ཞི་བདེའི་རང་སྒྲས་འཛམ་གླིང་ཡོངས་ལ་གཡོ་འགུལ་ཞིག་ཐེབས་ལ་ལྷག་པར་རྒྱར་དམར་གུང་ཁྲན་ལ་ཞི་བདེ་དང་དྲང་བདེན་གྱི་སྟོབས་ཤུབས་ནི་སུས་ཀྱང་འགོག་ཐབས་མེད་པའི་བརྡ་ལན་ཞིག་ཀྱང་སྤྲད། དེར་བརྟེན་གངས་ཅན་ཚང་གི་རྩ་དོན་ལ་སྔར་ལས་ལྷག་པའི་སོན་ཤུགས་ཞིག་རྒྱས་ལ་རྒྱལ་སྤྱིའི་གདེང་ཆའི་སྟེང་དུ་ཡང་བོད་དོན་དེ་སྔར་དང་མི་འདྲ་བའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་རླབས་ཆེན་གྱི་བྱ་བཞག་ཞིག་ཏུ་འགྱུར། རེད་ཡ་གདོང་དམར་ཚང་གི་དཔའ་རྒོད་ཚོ་ཁྱེད་ཅག་གིས་རྒྱལ་ཁབ་དང་མི་རིགས་དེའི་ཆེད་དུ་རང་ཉིད་ཀྱི་ཡོད་ཚད་བློས་གཏོང་བྱེད་བཞིན་ཡོད་པས་ཁྱེད་རྣམས་ཀྱི་རླབས་ཆེན་གྱི་མཛད་རྗེས་དེ་རྣམས་ཀྱིས་ཛ་དྲག་ལྡན་པའི་བོད་པའི་དུས་རབས་ཀྱི་ལོ་རྒྱུས་དེའི་ཁྲོད་དུ་བླ་ན་མེད་པའི་བྱས་རྗེས་ཞིག་བཞག་ཡོད་པས་དེ་རྣམས་ནི་གངས་ཅན་ཚང་གི་ཕ་རབས་བུ་རབས་རྣམས་ཀྱི་སེམས་ཁོངས་ནས་ནམ་ཡང་ཡལ་བ་ག་ལ་སྲིད།ཀྱེ་སྤུན་གྲོགས་ཀྱི་རྣམ་ཤེས་ཚོ་ས་མཐར་འཁྱམས་པའི་གྲྭ་གཟུགས་ཀྱི་བུ་ཆུང་ངས་ཁྱེད་རྣམས་སླར་ཡང་གངས་ཅན་ལྗོངས་སུ་འཁྲུངས་པའི་སྨོན་ལམ་འདེབས་བཞིན་ཡོད་ལ་རང་ཅག་གི་བདེན་མཐའ་མྱུར་དུ་གསལ་ནས་འཛམ་གླིང་གྲུ་འཛིན་གཉིས་པར་གངས་སེང་གི་དར་ཆ་འཕྱར་ཞིང་ངེད་ཚང་གི་བླ་སློབ་མྱུར་དུ་མཉམ་འཛོམས་ཐོག་རང་དབང་ལྡན་པའི་འཚོ་བར་ཞི་བདེའི་ངང་ལོངས་སྤྱོད་ཆོག་པའི་རེ་བ་ཤུགས་དྲག་དང་བཅས་པའི་སྐབས་སུ་སེམས་ཁོངས་སུ་བརྗོད་མི་ཤེས་པའི་སྡུག་བསྔལ་དྲག་པོ་ཞིག་དབང་མེད་དུ་སླེབས་ཀྱིན་འདུག་པས་བདག་གི་སྨྱུ་གུའི་ཁ་ལོ་རེ་ཞིག་དེ་ཙམ་དུ་མི་འཇོག་ཐབས་མེད་དུ་ཐུག །
No comments:
Post a Comment