སེར་སྨད་ཚ་བ་སྐལ་བཟང་བསྟན་འཛིན་ནས།།
༄༅། །མཐོ་སྒང་གི་ལྗོངས་སུ། ཨེ་མ། མཐོ་སྒང་གངས་ལྗོངས་ཀྱི་གོ་ལ་འདིའི་སྟེང་དུ་ཁ་བའི་གྲང་གདུང་གིས་རབ་ཏུ་མནར་བའི་གྲངས་མེད་པའི་སྐྱེ་འགྲོ་ཡོངས་ལ་བཟོད་དུ་མེད་པའི་ཐུགས་རྗེའི་ཆ་ཤས་ཡོངས་སུ་རྫོགས་ཤིང་། གཟི་བརྗིད་འོད་སྟོང་འཕྲོ་བའི་སྙིང་རྗེ་དང་དགེ་ལེགས་ཀྱིས་ཞི་བདེ་གསལ་བ་དང་། སྟོན་ཀའི་ཟླ་ལྟར་ལྷད་མེད་ཀྱི་བྱམས་སེམས་མངའ་ཞིང་། བསིལ་ལྡན་ཁ་བ་རི་པའི་གྲུ་འཛིན་རི་བོའི་རྩེ་ནས་མངོན་པར་འཛུམ་པའི་དྭངས་གཙང་གི་འོད་སྣང་ལགས།ཁྱེད་ཉིད་ཡོད་ན་སྙམ་པའི་སྐྱེ་རྒུ་རྣམས་ཀྱི་དུག་ལྔའི་གདུང་བ་སེལ་བའི་ག་བུར་གྱི་སྨན་མཆོག་ཀྱང་ཡིན་ལ། སྤྲོ་སྣང་ལྡན་པའི་བདེ་སྐྱིད་ཀྱི་ལམ་སྟོན་མཛད་པའི་བྱམས་བརྩེ་ལྷད་མེད་དུ་སྐྱོང་བའི་དྲིན་ཆེན་མ་མ་ཡང་ཡིན། ཁྱེད་ཀྱི་དྭངས་གཙང་གི་འོད་མདངས་གཅིག་གིས་ང་ཚོ་སྐྱེ་རྒུ་ཡོངས་ཀྱི་སྲོག་རྩ་བཟུང་ཡོད་ལ། ལྷད་མེད་ཀྱི་བློ་དཀར་གཅིག་གིས་བདེ་སྐྱིད་ཀྱི་ཉམས་རྒུད་ཀྱང་གསོས་ཡོད། སྙིང་ཉེ་བའི་དྭངས་གཙང་གི་འོད་སྣང་ལགས། འཛམ་གླིང་གི་གོ་ལའི་མཁའ་ནས། ཁྱོད་ཉིད་ཤར་ཐེངས་རེ་ལ་སྐྱེ་འགྲོའི་རྒྱུད་དུ་མེ་ཏོག་སེར་ཆེན་ཞིག་དང་མཚུངས་པར་སེམས་ཁམས་ཡངས་པའི་བདེ་སྐྱིད་ཀྱི་འཚོ་བ་གསར་པ་རེ་འཁྲུངས་ཡོད་ལ། ཁྱེད་ཀྱི་རབ་མཛེས་སྟོབས་ཆེན་བྱམས་བརྩེའི་འཛུམ་ཞལ་ལ་མངོན་དུ་ཕྱོགས་ཐེངས་རེ་ལ་ཟག་བཅས་ཀྱི་ཚོར་འདུ་ཐམས་ཅད་འགགས་ཏེ་ཟག་མེད་ཡེ་ཤེས་ཀྱི་སྣང་བའང་ཉུང་ཉུང་ཞིག་ག་ལ་
ཡིན།རེད་ཡ། ཡངས་ཤིང་རྒྱ་ཆེ་བའི་གོ་ལ་འདིའི་མཁའ་ནས་རྨོངས་པའི་རིགས་མ་ལུས་པ་ཡོངས་སུ་སེལ་པའི་དྭངས་གཙང་གི་འོད་སྣང་ལགས། ཁྱེད་ནི་དུས་རབས་ཉེར་གཅིག་པའི་སྐྱེ་འགྲོ་རྣམས་ལ་དྭངས་གཙང་ལྷད་མེད་ཀྱི་ཕན་བདེ་སྦྱིན་པའི་ཡིད་བཞིན་གྱི་ནོར་བུ་ཡིན་ལ། དུས་རབས་ཉེར་གཅིག་པའི་སེམས་ཅན་རྣམས་ལ་བདེ་སྐྱིད་ཀྱི་ཟས་མཆོག་སྟེར་པའི་དཔག་བསམ་གྱི་ལྗོན་པ་ཡང་ཡིན། དཀར་གསལ་དྭངས་གཙང་གི་འོད་སྣང་ལགས། གོ་ལ་འདིའི་ཤེས་མི་ཐུབ་པའི་བརྗོད་པར་དཀའ་བའི་དཀའ་སྡུག་གིས་ཡོངས་སུ་བཅིངས་པའི་གངས་ལྗོངས་ཀྱི་སྐྱེ་འགྲོ་ཡོངས་ཀྱི་ཁྱེད་ལ་རེ་འབོད་དང་གདུང་དབྱངས་ཀྱི་བར་སྣང་ཁེངས་འདུག་ལ། ཡིད་ཆེས་དང་དད་འདུན་གྱིས་སེམས་ཁམས་ཀྱང་གང་ཡོད། འོད་སྣང་ལགས། གལ་ཏེ་ཁྱེད་ཀྱི་ལྷག་བསམ་གྱི་འདབ་མ་ལས་གཞན་པའི། གཞན་ཕན་གྱི་འོད་ཟེར་དང་བདེ་སྐྱེད་ཀྱི་འོད་མདངས་མ་སྤྲད་ན། འགྲོ་རྒྱུད་ཀྱི་དུག་ལྔའི་སྨག་རུམ་སེལ་མི་ནུས་ལ། དེས་ན་ཁྱེད་ནི་གངས་ལྗོངས་ཡུན་དུ་འཚོ་བའི་བླ་སྲོག་ཡིན་ལ། གོ་ལ་འདི་ཡི་བདེ་སྐྱིད་ཀྱི་ལམ་སྟོན་འཛིན་པའི་མ་མ་ཡིན།སྐྱེ་འགྲོ་སྡུག་བསྔལ་གྱི་ཆུ་བོ་ལས་གྲོལ་བའི་དེད་དཔོན་ཀྱང་ཡིན། སེམས་ཁོངས་དང་ཉེ་བའི་དྭངས་གཙང་གི་འོད་སྣང་ལགས། མདོར་ན་ཁྱེད་ཀྱི་ཡོན་ཏན་དང་འཕྲིན་ལས་ནི་ནམ་མཁའ་ལས་རྒྱ་ཆེ་ཞིང་། རྩི་ཤིང་ལས་ཀྱང་མཛེས་ཆེ། ཆུ་བོ་ལས་རྒྱུན་རིང་། བྱེ་མ་ལས་གྲངས་མང་། རྒྱ་མཚོ་བས་གཏིང་ཟབ་པས། ང་ཡི་བརྗོད་ཀྱང་བརྗོད་ཀྱིས་ག་ལ་ལང་། ཡིན་ཡང་ངའི་སེམས་ཁོངས་ནས་རྟག་ཏུ་འཆར་བའི་དྭངས་གཙང་གི་འོད་སྣང་ལ། གངས་ཕྲུག་ང་ནི་ཁྱེད་ལ་འདུན་
ཞིང་ཁྱེད་ལ་སྤྲོ།།
No comments:
Post a Comment