གཞུང་རྙིང་འཛིན་གྲྭ་བསྟན་འཛིན་འཇིགས་མེད་ནས་བྲིས་སོ།།
བུ་ཆུང་ང་སུམ་རྟགས་སྙན་ངག་དང་འབྲི་རྩོམ་བྱེད་རྒྱུའི་ཡོན་ཏན་གང་ཡང་མེད་ཀྱང་། རང་ལ་འདས་ཟིན་པའི་གནས་ཚུལ་དང་དུས་རྟག་ཏུ་དྲན་འཛིན་ངོར་འཆར་བཞིན་པའི་མྱོང་ཚོར་ཁ་ཤས་ཞིག་བདག་ལ་རང་དབང་མེད་པར་ཤོག་བུའི་ངོས་སུ་འབྲི་བའི་འདུན་པ་སེམས་གཏིང་ནས་འཕྱུར་བྱུང་། ཀྱེ་མ་འདས་ཟིན་པའི་ལོ་ཟླ་ནི་མཚན་མོའི་རྨི་ལམ་དང་འདྲ་ལ། འདས་ཟིན་པའི་ལོ་ཟླ་དེའི་ནང་བུ་ཆུང་ངས་དུས་རྟག་ཏུ་གཅེས་ པའི་ཕ་ཡུལ་དང་བྱམས་བརྩེ་ཆེ་བའི་ཨ་མ་དྲན་པའི་ཚོར་བ་མངར་སྐྱུར་འདྲེས་མ་འདི་ཁྱོད་ཀློག་པ་པོ་རྣམས་ལ་ཞུས་ན་འདི་ལྟར། ཨེ་མ། བུ་ཆུང་བདག །བདག་གི་གཅེས་པའི་མཛེས་སྡུག་དང་ལྡན་པའི་ལྷ་ཡུལ་གྱི་ཞིང་ཁམས་ཕ་ཡུལ་སྨར་ཁམས་དེ་དང་བྲལ་ནས་ས་རྒྱུས་རྡོ་རྒྱུས་མེད་པའི་མི་ཡུལ་གྱི་ལུང་པ་འདི་རུ་སླེབས་སོང་ཡ། ཡིན་ཡང་ལུང་པ་འདི་ན་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྐྱབས་རྗེ་འོད་ཟེར་རིན་པོ་ཆེ་ མཆོག །གཞན་ཡང་བདག་གི་དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་གཞུང་ཆེན་དག་ ལ་ཐོས་བསམ་སློབ་གཉེར་བྱེད་རྒྱུའི་གོ་སྐབས་ཐོབ་ལ་ད་དུང་། ཆོས་གྲོགས་བཟང་པོ་དག་གི་ལྷན་དུ་འཛུམ་མདངས་ཀྱིས་ལོ་ཟླ་རྒྱན་ཆོག་ཡ། ཡིན་ཡང་བདག་གིས་ལུས་པོ་མི་ཡུལ་ཕྱོགས་སུ་ཡོད་ཀྱང་བུ་ངའི་སེམས་པ་ཡང་ཡང་ཨ་མ་ཁྱོད་ཀྱི་ཕྱོགས་སུ་དལ་བུར་ཤོར་འགྲོ་མི་ཡུལ་ག་ཚོད་སྐྱིད་ཀྱང་རང་ཡུལ་དང་ཨ་མ་ཁྱེད་ བརྗེད་ཐབས་ཞིག་གཏན་ནས་མི་འདུག གཅེས་པའི་ཕ་ཡུལ་སྨར་ཁམས་དེ་ནི་ཅི་འདྲའི་མཛེས་སྡུག་ལྡན་པ་ཞིག་མ་རེད་དམ། སྔོ་ལྗང་ལྗང་གི་རྩ་ཐང་སྟེངདུ།ཁྲ་ཁྱིལ་ཁྱིལ་
གྱི་མེ་ཏོག་བཞད། རྟ་ནོར་ལུག་གིས་ཆུ་མིག་ རྡོལ་རྡོལ། མཐའ་བཞི་སྐོར་བའི་གངས་རིའི་ཕྲེང་བ། ཤང་ཤང་རྒྱུག་བའི་དྭངས་གཙང་ཆུ་བོ། རྣ་བར་སྙན་པའི་བྱ་བྱིའུ་ཡི་གྲེ་འགྱུར་སྙན་མོ་དག་བུ་ཆུང་གི་ཡིད་དུ་བཞད་ཚེ། གངས་ཕྲུག་ངའི་སེམས་པ་ཟབ་ས་ཞིག་ ནས་མིག་ཆུ་དམར་པོ་དལ་གྱི་ཞུར་བྱུང་། རྒྱ་དམར་ཧམ་སེམས་ཆེ་བས་མཛེས་སྡུག་ལྡན་པའི་ཕ་ས་དྲོན་མོ་དེ་འཕྲོག་སོང་བས་བུ་ཆུང་རང་ཡུལ་དང་བྲལ་དགོས་བྱུང་སོང་ཡ། ཨ་མ་ལགས། བུ་ང་ཁྱོད་དང་ཁ་བྲལ་རྗེས་ ཁྱེད་ལ་གནོན་དཀའ་བའི་སྡུག་བསྔལ་ཞིག་དང་། བཟོད་དཀའ་བའི་ཐུགས་ཁྲལ་ཞིག་ཤུལ་དུ་ལོས་ལྷག་ཡོད། ཨ་མ་ལགས། བདག་ལ་ཐུགས་ཁྲལ་མི་དགོས། ང་ཚོའི་རྒྱལ་ཁབ་ཀྱི་བདེན་མཐའ་གསལ་བའི་དུས་དེར། བདག་གི་དགེ་བའི་བཤེས་གཉེན་དང་རིན་པོ་ཆེ། ད་དུང་ཨ་མ་ཁྱེད་ཀྱི་རེ་བ་བཞིན་མགྱོགས་ནས་མྱུར་དུ་ཡོན་ཏན་གྱི་གཤོག་རྩལ་རྒྱས་ནས་ཡུམ་ཆེན་འདུན་དུ་འཕུར་ཆོག །
No comments:
Post a Comment