མེ་ཏོག་དཀར་པོས་འཚམས་དང་འདིར་འཕེབས་པར་དགའ་བསུ་ཞུ།

ང་ནི་སྐྱེས་པ་ཁྱེད་ཀྱི་ཆེད་དུ་སྐྱེས་པ་ཡིན་ལ། འཚོ་བ་ཡང་ཁྱེད་ཀྱི་ཆེད་དུ་འཚོ་བཞིན་མཆིས། ང་ནི་ནམ་ཡང་ཁྱེད་ཀྱི་ཡིན་པས། ཁྱེད་ཀྱིས་ངེས་པར་དུ་ང་སྤྱད་རོགས།

Friday, 6 May 2011

སྙིང་ཁོང་གི་གངས་རིའི་མགོན་པོ་།

བསྟན་འཛིན་ཆོས་རྒྱལ་ནས་བྲིས་སོ།།
སྤྲིན་བྲལ་བཅོ་ལྔའི་ཟླ་བའི་མཛེས་སྡུག་གི་ལང་འཚོ་རྫོགས་པའི་དཀྱིལ་འཁོར་གྱི་འོད་འདྲ་བའི་ཡིད་འོང་ བསིལ་ལྡན་ལྗོངས་ཀྱི་གངས་རིའི་མགོན་པོ་ལགས།  ཁྱོད་ནི་སྙིགས་མའི་སེམས་ཅན་ཁོ་ནའི་ཆེད་དུ་གླིང་འདིར་ཕེབས་པས་ངོ་མ་ངོ་མཚར་ཆེ།  ཁྱེད་ནི་འཛམགླིང་འདི་ཡི་ཐོག་གི་ཞི་བདེ་ཡི་དེད་དཔོན་ཡིན་ལ་མུན་པ་སེལ་བའི་གངས་ཕྲུག་རྣམས་ཀྱི་སྙིང་ནོར་ཡིན།   མགོན་པོ་ལགས།  ཁྱེད་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་འགྱུར་བ་མེད་པའི་ལྷག་བསམ་ལ་གངས་ཕྲུག་ང་ཚོས་ཡིད་ཆེས་དང་གུས་བརྩེ་ཞུ་བཞིན་ཡོད།       མགོན་པོ་ལགས།   ཁྱེད་ནི་ཕ་རོལ་ཀླ་ཀློ་ཡི་སྒྲ་གཅན་ལ་བག་ཚ་བའི་རྣམ་རྟོག་གང་ཡང་མེད་པ་མ་ཟད་འགྲོ་བ་ཡོངས་ལ་ཁྱད་མེད་དུ་བྱམས་བརྩེ་ཁོ་ནའི་འོག་གཞན་ཕན་གྱི་བདེ་བ་བསྐྲུན་པ་དེ་ནི་འཛམ་གླིང་འདི་ཡི་ཐོག་ཏུ་བསྔགས་བརྗོད་ཀྱི་མེ་ཏོག་ས་སྟེང་ཡོངས་སུ་ཁྱབ་བཞིན་ཡོད་པ་ནི་གངས་ཕྲུག་ང་ཚོས་བྲོ་གར་མི་འཁྲབ་ཇི་ལྟར་བསྡོད།   ཡིན་ནའང་རེ་སྒུག་གིས་གངས་ཕྲུག་གི་སེམས་ལ་ཁྲེལ་མེད་ཀྱི་ཀླ་ཀློ་སྒྲ་གཅན་གྱིས་ངན་བསྐུལ་དུག་རླངས་ཕོག་ཨེ་ཡོང་བསམ་པའི་དྭོགས་པ་དང་དངངས་སྐྲག་ཡང་ཆེ།མགོན་པོ་ལགས།        ཁྱེད་ཀྱི་ཞི་བདེའི་བསིལ་རེག་གི་ཕན་པ་ནི་གཞན་གྱིས་ཚོར་དཀའ་བའི་ལེགས་ཚོགས་ཀྱི་རྩ་བ་ཡིན་པ་མ་ཟད།      རང་གཞན་གཉིས་ཕན་གྱི་དབུ་མའི་ལམ་ལམ་སྟོན་མཛད་པ་དེ་ཡང་རླབས་ཆེ་བའི་གཟི་བརྗེད་ཡིན།     མགོན་པོ་ལགས།   ཁྱེད་ཀྱི་ཕུགས་རྒྱང་རིང་པོའི་ཐུགས་རྗེའི་འོག་གངས་ཕྲུག་ང་ཚོར་སློབ་སྦྱོང་གི་གོ་སྐབས་    ཐོབ་པ་དེ་ཡང་ཁྱེད་ཀྱི་བཀའ་དྲིན་ཉག་གཅིག་ཡིན།   མགོན་པོ་ལགས།   ཁྱེད་ནི་གངས་ཕྲུག་ང་ཚོའི་ཕ་མ་ཡིན་ལ་མ་འོངས་ལམ་སྟོན་གྱི་དབུ་ཁྲིད་གཅིག་པོ་ཡང་ཡིན་པས་ཁྱེད་ནི་གངས་ཕྲུག་ང་ཚོའི་ཆེད་དུ་སྐུ་ཚེ་བསྐལ་བརྒྱར་བརྟན་པ་བུ་ངས་ཉིན་མཚན་དུས་དྲུག་ཏུ་སྨོན་འདུན་དྲག་པོ་དང་བཅས།།

No comments: