ཕུན་ཚོགས་འཕྲིན་ལས་ནས་བྲིས་སོ།
དཔྱིད་གསུམ་སྤྲིན་པའི་འོག་ནས།། ཟླ་བའི་འོད་ཟེར་མེད་ཀྱང་།
ཞི་བདེའི་སྦྲང་ཆར་བབས་ཏེ། ལྷ་ཤིང་ཤུག་པ་སྐྱེས་བྱུང་།
དྲི་ཞིམ་ལྷ་ཤིང་ཤུག་པ།། གོང་ས་མཆོག་ལ་ཕུལ་ཡོད།
མེས་པོ་གངས་རིའི་ལྗོངས་སུ།། ཞི་བདེ་འགྱུར་བའི་སྨོན་ལམ།
གངས་རིའི་དཀར་པོའི་མདའ་ནས།། ཁྲུང་ཁྲུང་དཀར་མོའི་སེམས་པ།
དྭངས་གཙང་མཚོ་མོ་ཁྱེད་ལ།། སེམས་པའི་མདུད་པ་ཐེབས་སོང་།
ལྷ་ཤིང་ལྗོན་པའི་ཤུག་པ།། ས་ཕྱོགས་གང་དུ་སྐྱེས་ཀྱང་།
ལྷ་བྱ་ཁོ་བོའི་སེམས་པ།། ཁྱེད་དང་བྲལ་ཐབས་མི་འདུག
ལྷ་ཤིང་ལྗོན་པའི་རྩེ་ནས།། ཁུ་བྱུག་གསུང་སྐད་རང་སྒྲ།
འཛམ་གླིང་ཡོངས་ལ་ཁྱབ་སོང་།། གཞིས་བྱེས་མྱུར་འཛོམ་རྟེན་འབྲེལ།།
No comments:
Post a Comment