མེ་ཏོག་དཀར་པོས་འཚམས་དང་འདིར་འཕེབས་པར་དགའ་བསུ་ཞུ།

ང་ནི་སྐྱེས་པ་ཁྱེད་ཀྱི་ཆེད་དུ་སྐྱེས་པ་ཡིན་ལ། འཚོ་བ་ཡང་ཁྱེད་ཀྱི་ཆེད་དུ་འཚོ་བཞིན་མཆིས། ང་ནི་ནམ་ཡང་ཁྱེད་ཀྱི་ཡིན་པས། ཁྱེད་ཀྱིས་ངེས་པར་དུ་ང་སྤྱད་རོགས།

Friday, 6 May 2011

རི་རྩེ་ན་འཐོར་བའི་སྤུན་ཆུང་གི་མིག་ཆུ།

སེར་སྨད་ཡེར་བློ་བཟང་འཇམ་དབྱངས་ཀྱིས
མཛའ་མཐུན་ཕྱི་ཐག་དཀར་པོའི་ལོ་འདབ་ཀྱི་རྩེ་ན།
འགྲོགས་འདྲིས་དུང་བ་ཟབ་པའི་སྙིང་དབུས་ཀྱི་ཐིག་ལེ།
བྲལ་བའི་སྤྱན་ཆབ་ཟིལ་མ་ནགས་ཁྲོད་ནས་འཐོར་བཞིན།
ཕངས་སེམས་ཤུགས་རིང་ནར་མོ་ངག་སྒོ་ནས་མ་གཏོང་།
གློག་འཕྲིན་དར་སྐུད་ཕྲ་མོའི་རྒྱུན་ཐག་གི་སྣེ་ནས།
གཟུགས་མེད་ཞལ་གསུང་དྲོན་མོ་སྙན་འདབས་སུ་ལྷུང་བ།
ཡིད་མུག་ཨ་ཐང་ཆད་པའི་ངུ་ངག་གི་རི་མོ།
སེམས་ཀྱིས་ཟབ་སར་བྲིས་པའི་ཨ་ཇོ་ངའི་སྡུག་བསྔལ།
འགྲོགས་འདྲིས་མཐའ་མའི་སྡོམ་ཚིག་གྱེས་གདུང་གི་སྤྱན་ཆབ།
འཁོར་འདས་སྒྱུ་མའི་ཆོས་ཀྱི་རང་གཤིས་སུ་གྲུབ་པ།
དྲན་གཞི་ནང་དུ་བཀུག་ཏེ་དལ་མོའི་ངང་སོམས་དང་།
མི་འདོད་གདུང་བའི་དུ་སྤྲིན་མཁའ་དབྱིངས་སུ་ཡལ་འགྲོ
ནུབ་ཁའི་ཉི་ཟེར་གཉོམ་པོ་རི་རྩེ་ནས་ཆས་སོང་།
ཁྲུང་ཁྲུང་གཤོག་འགྱུར་ལྡེམ་པོ་གངས་འདབས་ནས་བསྒྱུར་བ།
ན་གཞུང་མེ་ཏོག་སེར་པོར་ཕྱི་མིག་གིས་སློང་བཞིན།
ལྷོ་མཐའི་ཆུ་གཏེར་ཆེན་པོའི་གྲུ་ག་ལ་ལོག་འགྲོ
མཚན་མོའི་ཟླ་གཞོན་གསར་བའི་ལང་ཚོ་ལ་གཟིགས་ནས།
ལྷན་འཛོམ་སྣང་བ་སྐྱིད་པོའི་འཛུམ་མདངས་དེ་དྲན་སྐབས།
གྱེས་བྲལ་རྨི་ལམ་ནག་པོའི་མཇུག་འབྲས་ཀྱི་དྲུང་ནས།
སྐྱོ་ཉམས་ཡི་ག་ཆད་པའི་སྣང་བ་དེ་མ་གསོ།
བཅུ་ཕྲག་ལོ་ཟླ་རྒལ་བའི་ཕ་རོལ་ན་འཚེར་བའི།
རང་བྱུང་གཉེན་གྱི་ཉི་མའི་གཟི་བྱིན་ལ་ཆགས་ཏེ།
དཀའ་བ་དང་དུ་ལེན་པའི་ཨུ་ཚུགས་ཀྱི་གོམ་ཁ།
ཚང་ཚིང་ནགས་རླུང་སྟུག་པོའི་ཡུལ་དབུས་ནས་བཏེགས་སོ།།
སྤུན་ཆུང་ཚེ་རིང་ལ་སྤྲིངས་པའི་ཐོར་རྩོམ་གྱེས་བྲལ་གྱི་ཚོར་འདུ་བརྗོད་པའི་སྤྲིངས་ཡིག་འདི་ཡེར་བློ་བཟང་འཇམ་དབྱངས་ཀྱིས་༢༠༡༠།༡༡།༢༢།ཉིན་བྲིས་སོ།།

No comments: