མེ་ཏོག་དཀར་པོས་འཚམས་དང་འདིར་འཕེབས་པར་དགའ་བསུ་ཞུ།

ང་ནི་སྐྱེས་པ་ཁྱེད་ཀྱི་ཆེད་དུ་སྐྱེས་པ་ཡིན་ལ། འཚོ་བ་ཡང་ཁྱེད་ཀྱི་ཆེད་དུ་འཚོ་བཞིན་མཆིས། ང་ནི་ནམ་ཡང་ཁྱེད་ཀྱི་ཡིན་པས། ཁྱེད་ཀྱིས་ངེས་པར་དུ་ང་སྤྱད་རོགས།

Friday, 6 May 2011

ས་མཐར་འཁྱམ་པའི་ཁམས་ཕྲུག་གི་སྙིང་གཏམ་ཚིག་གསུམ།

ཟུར་བཀོད་བློ་བཟང་དོན་འགྲུབ་ཀྱིས
སྨར་ཁམས་གླིང་གི་ས་ཆ།                    ནོར་ལུག་འཕེལ་ཁ་དར་ས།
འབྲུ་སྲན་སྣ་ལྔ་འཛོམས་ས།                    སྐྱིད་པའི་སྨར་ཁམས་ཡུལ་རེད།
 རྨོངས་པ་མ་རིག་སེལ་ནས།                    བཅུ་ཕྲག་རིག་པའི་གནས་ལ།
འཆད་རྩོད་རྩོམ་གསུམ་བྱེད་མཁན།           རང་རིགས་མི་རིགས་རྣམས་ཀྱིས།
 བླ་མའི་བཀའ་བཞིན་བསྒྲུབ་ནས།              ལ་རྒྱ་སྙིང་ལ་བཅང་ཡོད།
རྩ་རྩོད་ཆུ་རྩོད་མེད་པ།                             ལྡོག་རྩ་གཅིག་ཏུ་སྒྲིལ་ནས།
མི་རིགས་བདེན་མཐའ་བརྩོན་དགོས།            ཁམས་ཕྲུག་ན་གཞོན་བཟང་པོ།
བུ་ངས་སྙིང་གཏམ་ཚིག་གསུམ།                   རྣ་བས་ལེགས་པར་གསན་ནས།
མ་བརྗེད་སེམས་ལ་བཞག་རོགས།                ལ་རྒྱ་སྙིང་ལ་བཅང་ནས།
མི་རིགས་བདེན་མཐའ་རྩོད་མཁན།             ཁམས་ཕྲུག་དཔའ་བོ་རྣམ་པ།
གཞན་ལ་བཙོང་པ་མ་གནང་།                  འཕགས་པའི་ཡུལ་ནས་ཕེབས་པའི།
 གཞན་ལ་ཕན་པ་སྒྲུབ་མཁན།                  བླ་སྤྲུལ་དགེ་བཤེས་རྣམ་པ།
རང་དགོན་ཡུལ་དུ་བཞག་ནས།                གཞན་ལ་བཙོང་པ་མ་གནང་།
 ཕ་མས་བཞག་པའི་སྐད་ཡིག                  མ་བརྗེད་རང་གིས་བྱེད་དགོས།
དེ་ལ་འཛིན་སྐྱོང་བྱེད་མཁན།                 རང་ལས་མེད་པ་ཤེས་དགོས།
བྱམས་སེམས་ཅན་གྱི་ཕ་མ།                    བོད་ཀྱི་ལོ་རྒྱུས་བཟང་པོ།
རང་གི་བུ་ཕྲུག་རྣམས་ལ།                      ལྷད་མེད་དྭངས་གཙང་བྱིན་རོགས།
སྙིང་རྗེ་ཅན་གྱི་མི་རིགས།                      ཚེ་འདིའི་ལོངས་སྤྱོད་ཆེད་དུ།
ནོར་ལུག་བཤས་ཚོང་བྱེད་ནས།              རང་ཉིད་གཡང་ལ་མ་གཡུག།
ཁམས་པའི་ཚོང་དཔོན་ནོར་བཟང་།        སྐུ་གསུང་ཐུགས་རྟེན་བཙོང་ནས།
དམྱལ་བ་འཕེན་པའི་རྒྱུ་ཡི།                  ཚོང་པ་བྱེད་པ་མ་གནང་།
རང་ཡུལ་དཔོན་རིགས་རྣམས་ཀྱིས།       གོ་ས་རྒྱུ་ནོར་ཆེད་དུ།
རྒྱ་མིའི་དཔོན་རིགས་རྣམས་ལ།           མགོ་བོ་སྒུར་ནས་མ་སྡོད།
 རང་ཡུལ་མི་རིགས་སོན་རྩ།                ཁམས་ཕྲུག་སློབ་ཕྲུག་བཟང་པོ།
རྩ་ཆེན་དུས་ཚོད་འདི་ལ།                   སློབ་སྦྱོང་ཧུར་ཐགས་བྱེད་ནས།
མ་འོངས་བོད་ཀྱི་བདེན་མཐའ།           སེལ་བའི་ཐབས་ལ་འབད་དགོས།
 རྩ་ཆེན་བོད་ཀྱི་སྐད་ཡིག                  སྐད་རིགས་གཞན་དུ་བསྒྱུར་བ།
བརྩོན་པ་བྱེད་མཁན་དེ་ལ།              གདོང་ལན་གནང་མཁན་འདི་ནི།
ཁམས་པའི་དཔའ་བོ་དེ་ཡིན།           རྩ་ཆུ་ཁ་གང་དོན་དུ།
ཁམས་ཕྲུག་ན་གཞོན་རྣམས་ཀྱིས།        ང་རྒྱལ་དྲག་ཏུ་ཁྲོས་ཏེ།
རིགས་གཅིག་སྤུན་ཟླ་ལྷན་དུ།             རྩ་ཆེན་མི་ཡི་ལུས་རྟེན།
སྔོ་ལྗང་སྤང་ལྗོངས་ཐོག་ཏུ།               རལ་གྲིའི་རྩེ་མོ་རྩེ་བ།
 ཁམས་པའི་དཔའ་བོི་མ་ཡིན།           བོད་ཀྱི་རྩ་དོན་ཆེད་དུ།
 འཚེ་མེད་ཞི་བའི་ཐོག་ནས།             རང་སྲོག་བློས་གཏོང་བྱེད་མཁན།
ཁམས་པའི་དཔའ་བོ་དེ་ཡིན།
ས་མཐར་འཁྱམ་པའི་ཁམས་ཕྲུག་བློ་བཟང་ངས།
ཁ་ཙམ་མིན་པ་སྙིང་གི་སྐད་ཆ་ཡིན།
ཕན་པ་ཡོད་ན་སྙིང་ལ་བཅང་རོགས་ཞུ།
མི་ཕན་པ་ནི་བཟོད་པ་བཞེས་རོགས་གནང་།

No comments: