མེ་ཏོག་དཀར་པོས་འཚམས་དང་འདིར་འཕེབས་པར་དགའ་བསུ་ཞུ།

ང་ནི་སྐྱེས་པ་ཁྱེད་ཀྱི་ཆེད་དུ་སྐྱེས་པ་ཡིན་ལ། འཚོ་བ་ཡང་ཁྱེད་ཀྱི་ཆེད་དུ་འཚོ་བཞིན་མཆིས། ང་ནི་ནམ་ཡང་ཁྱེད་ཀྱི་ཡིན་པས། ཁྱེད་ཀྱིས་ངེས་པར་དུ་ང་སྤྱད་རོགས།

Friday, 6 May 2011

ཤེས་བྱའི་ཡོན་ཏན།

སྐབས་བཞི་པ་བསོད་ནམས་དར་རྒྱས་ཀྱིས།
ཤེས་བྱའི་གནས་ཀུན་མཁྱེན་པས་ཡོངས་བཏུམས་ཏེ།
ཡོན་ཏན་དཀྱིལ་འཁོར་ཡོངས་རྫོགས་མངའ་བསྒྱུར་བའི།
སྔོན་བྱོན་མཁས་རྣམས་བཏུད་ནས་ཤེས་ཡོན་གྱི
ངོ་སྤྲོད་རང་བློ་ཇི་ཤར་འདི་ན་བཀོད།།
ཤེས་ཡོན་ཞེས་པ་འདི་ཚིག་ཕྲལ་ན་ཤེས་པ་དང་ཡོན་ཏན་ནོ།དེ་ཡང་ཤེས་པ་ནི་རྟོགས་བྱེད་ཀྱི་བློ་ལ་མི་བྱ་ཞིང་ཡུལ་རྟོགས་པ་ལ་བྱའོ།ཡོན་ཏན་ནི་སྐབས་འདིར་ཕན་པའི་རང་བཞིན་ཅན་ཞིག་ལ་བྱ་ན་འགྲིག་གམ་སྙམ། མདོར་ན་གང་ཤེས་པའི་ཆོས་དེ་རང་གཞན་སྤྱི་ཚོགས་ཅི་རིགས་ལ་ཕན་པའི་རང་བཞིན་ཅན་ཞིག་ལ་བྱ་ཞིང་དེ་ལའང་སྐྱེས་སྟོབས་ཀྱི་ཤེས་ཡོན་སོགས་ཡོད་མོད་སྤྱིར་མི་སུ་ཡིན་རུང་ཤེས་ཡོན་ཇི་ལྟར་ཆགས་མི་ཆགས་ནི།    ཆུང་དུས་ཀྱི་ཟ་འཐུང་འགྲོ་འདུག་གི་སྤྱོད་ལམ་ནས་མཐོ་རིམ་གྱི་སློབ་སྦྱོང་བར་ཀུན་ལ་རགས་ལས་པ་ཡིན་པ་ལས་སློབ་གྲྭའི་འཛིན་གྲྭ་ཚོགས་དུས་སུ་ཆུ་ཚོད་ཁ་ཤས་ཞིག་གིས་ཅི་ཡང་མི་འབྱུང་བ་ཡིན།   ཐོག་མར་རྨང་གཞིའིསྐབས་ནས་ལེགས་ཉེས་ཀྱི་གཞི་རྩར་ཚུགས་པར་ཡིན་པས་སློབ་སྦྱོང་གི་ཐོག་མའི་སྐབས་ནས་སྦྱང་རྒྱུའི་སློབ་ཚན་དེ་གང་གི་ཆེད་དང་དེའི་རྒྱུ་མཚན་ཕན་ཐོགས་ཇི་ལྟར་འབྱུང་བ་བཅས་ལེགས་པར་ཤེས་རྒྱུ་ཤིན་ཏུ་གལ་ཆེ་བ་ཡིན།   དཔེར་ན་ལས་ཀ་ཅི་འདྲ་ཞིག་ཡིན་ཡང་དེའི་ཕན་གནོད་དང་གྲུབ་འབྲས་ལེགས་ཉེས་ཡག་པོ་ཤེས་ན་དེ་ལ་འཇུག་ལྡོག་གཞན་གྱིས་བཤད་མི་དགོས་པ་རང་གི་ངང་ནས་འབྱུང་བ་ཡིན་གཞན་དུ་ན་དགེ་རྒན་གྱི་སློབ་ཁྲིད་ཀྱང་འགན་ཕྲལ་ཙམ་དང་སློབ་ཕྲུག་གི་ཀྱང་སློབ་སྦྱོང་ལ་དོ་སྣང་མེད་པར་ཕྲལ་ཙམ་དུ་འགྲོ་བ་ཡིན།    གཞི་རིམ་ནས་མཐོ་སློབ་བར་གྱི་སློབ་སྦྱོང་གང་ཡིན་རུང་མཐར་སྤྱི་ཚོགས་ཤིག་དང་མི་གཞན་ཞིག་དང་མཉམ་དུ་ལས་ཀ་བྱེད་རྒྱུ་ལས་འོས་མེད།   དེས་ན་ཚོགས་པ་ཞིག་གི་ནང་གནས་ཕྱིན་ཆད་ཡ་རབས་དང་བཟང་སྤྱོད་ གཞན་ཕན་སྤྱི་ཕན་གྱི་བསམ་བློ་ནི་སློབ་སྦྱོང་ཡོངས་ཀྱི་སྲོག་དང་རྩ་བ་ལྟ་བུ་ཡིན་ལ་དེ་ཡང་ཆུང་བྱིས་པའི་དུས་ནས་གོམས་དགོས་པ་ལས་སློབ་གྲྭ་དང་སློབ་དགེ་རྐྱང་པས་འགན་མིན།དབྱིན་བོད་རྒྱ་སོགས་ཀྱི་སྐད་རིགས་ལ་ཇི་ཙམ་མཁས་ཀྱང་དེ་དག་ལམ་ལེགས་ཉེས་གང་དུ་འགྲོ་མིན་ནི་འདི་ཁོ་ནར་ཐུག་ཡོད།   བཟང་སྤྱོད་ཅེས་པ་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་སེམས་ལྟ་བུ་ཡོད་ན་ནི་རབ་ཡིན་རུང་སྤྱི་ཚོགས་གང་དུ་གནས་ཀྱང་གཞན་དང་མཐུན་པར་འགྲོ་འདུག་སོགས་ཀྱི་བྱ་སྤྱོད་ལ་རག་ལས་པ་ཡིན་འདུག   །མདོར་ན་སྤྱོད་བཟང་དང་སློབ་སྦྱོང་གཉིས་ཚོགས་ཀྱི་ཡོན་ཏན་ལ་ཤེས་ཡོན་ཞེས་བྱ་ལ་དེ་ཡང་ཕྱི་ནང་གཞན་གྱིས་བསླབ་པ་ལ་རག་ལས་མོད།    དངོས་ནི་གང་ཟག་རང་གི་སེམས་ཀྱི་སྟེང་ནས་འབྱུང་དགོས་པ་ཡིན།   སེམས་ཀྱི་གཏིང་གི་ཤེས་ཡོན་གྱི་མེ་ཏོག་དེ་ཉིད་རྣམ་པར་བཀྲ་བ་ལ་སློབ་གྲྭ   །དགེ་རྒན།   ཕ་མ་སོགས་ནི་དེ་གསོ་བྱེད་ཀྱི་ཆུ་ལུད་ལྟ་བུ་ཡིན། བལྟ་སྐྱོང་ཚུལ་བཞིན་བྱུང་ན་གདོན་མི་ཟ་བ་མི་སུ་འདྲ་ཡིན་རུང་ཤེས་ཡོན་གྱི་བག་ཆགས་སད་དེ་རིང་མིན་བཀྲག་མདངས་ཅན་གྱི་མེ་ཏོག་དེ་ཤར་བར་ངེས་སོ།   འོན་ཀྱང་དེ་ལྟ་བུའི་བག་ཆགས་དེ་བཙན་དབང་གིས་སད་དུ་མེད།   ཕྲུ་གུའི་འདོད་མོས་དེ་ཤེས་ཡོན་ལ་ཁ་བསྒྱུར་དུ་བཅུག་དགོས་པ་ཡིན།   མི་ཡི་འདོད་པ་ནི་སྤྱི་ཚོགས་དང་སློབ་གསོ།  གྲོགས་བཟང་ངན་བཅས་ཀྱིས་བཟང་ངན་དུ་བསྒྱུར་དུ་ཡོད་པ་ཞིག་ཡིན་པས་འདོད་མོས་ཡོད་ན་མ་བསྐུལ་བ་ཡང་རང་གིས་འཇུག་འདོད་འབྱུང་བ་ཡིན།   ལྷག་པར་ཕྱི་དངོས་པོའི་ཡར་རྒྱས་ཆེ་བའི་དུས་འདིར་གཟབ་དགོས།   ཕྲུ་གུའི་འདོད་མོས་གང་ལ་འཇུག་མི་འཇུག་སློབ་གསོ་གཙོ་བོ་དང་འཁོར་ཡུག་བཅས་ལ་རག་ཤིན་ཏུ་ནས་ལས་པ་ཡིན།   སློབ་གསོ་དེ་ཤིན་ཏུ་གལ་ཆེ་མོད་དེང་རབས་སུ་ཕ་མས་ཕྲུ་གུ་སློབ་གྲྭར་གཏོང་ཐུབ་རྒྱུ་རང་གལ་ཆེ་བར་རྩིས་ཏེ་གཞན་ཕྲུ་གུའི་བྱ་སྤྱོད་དང་སེམས་པའི་འགྱུར་ལྡོག་ལ་དོ་སྣང་མི་བྱེད་པ་ནི་སྐྱོན་ཆེ་ཤོས་སུ་སྣང།  ཆང་མ་འཐུང་དང་རྐུན་མ་མ་རྒྱབ་ཅེས་སློབ་གསོ་དེ་ཙམ་གྱིས་མི་མཆོག་ངན་ཕྱོགས་ནས་བཅོས་ཐབས་དང་བཟང་ཕྱོགས་ལ་འཁྲིད་ཐབས་ཀྱི་བསླབ་བྱ་ཀུན་ལ་ཟེར།    སློབ་ཕྲུག་གི་ཁྱིམ་ཚང་དང་སློབ་གྲྭར་བཅས་ལ་ཡི་གེ་སྦྱང་རྒྱུ་ལས་ལྷག་པར་སློབ་གསོ་འདི་གལ་ཤིན་ཏུ་ཆེ་བ་ཡོད་པས་སྣང་ཆུང་བྱེད་མི་ཉེན།   ཤེས་ཡོན་གྱི་ངོས་འཛིན་དང་ཤེས་ཡོན་ཇི་ལྟར་སྤྲོད་ཐབས་མདོར་བསྡུས་ཞིག་རང་བློར་གང་ཤར་སེར་སྨད་ཚ་བ་གྲྭ་བསོད་ནམས་དར་རྒྱས་ཀྱིས་བགྱིས་སོ།།

No comments: