མེ་ཏོག་དཀར་པོས་འཚམས་དང་འདིར་འཕེབས་པར་དགའ་བསུ་ཞུ།

ང་ནི་སྐྱེས་པ་ཁྱེད་ཀྱི་ཆེད་དུ་སྐྱེས་པ་ཡིན་ལ། འཚོ་བ་ཡང་ཁྱེད་ཀྱི་ཆེད་དུ་འཚོ་བཞིན་མཆིས། ང་ནི་ནམ་ཡང་ཁྱེད་ཀྱི་ཡིན་པས། ཁྱེད་ཀྱིས་ངེས་པར་དུ་ང་སྤྱད་རོགས།

Friday, 6 May 2011

བློ་དམན་པའི་གཅིག་གི་འབྲི་རྩོམ་ཡིད་ཀྱི་མེ་ལོང་།

དབུ་གསར་འཛིན་གྲྭ་ངག་དབང་སྨོན་ལམ་ནས་བྲིས་སོ།།
བདག་ལས་མ་ཡིན་གཞན་ལས་མིན།   གཉིས་ལས་མ་ཡིན་རྒྱུ་མིན་ནི།    དངོས་པོ་གང་དག་གང་ན་ཡང་།  སྐྱེ་བ་ནམ་ཡང་ཡོད་མ་ཡིན།   ཞེས་གསུངས་པ་ལྟར་མཐའ་བཞིའི་སྐྱེ་བ་འགོག་པ་ནི།   རང་དང་ངོ་བོ་གཅིག་པ་རྒྱུ་ལས་སྐྱེ་བ་མིན་པ་རང་དང་འབྲེལ་མེད་དོན་གཞན་གྱི་རྒྱུ་ལས་སྐྱེ་བ་མིན་པ།  རང་གཞན་གཉིས་ཀ་ལས་སྐྱེ་བ་མིན།  རྒྱུ་མེད་པ་ལས་སྐྱེ་བ་མིན་པ་དང་བཞི་ཡོད།   དང་པོ་ནི།   རང་དང་ངོ་བོ་གཅིག་པའི་རྒྱུ་ལས་སྐྱེ་བ་འགོག་པར་ནི།    རང་ཉིད་ལས་རང་ཉིད་བྱུང་བ་མིན།   འོན་ཀྱང་མུ་སྟེགས་པའི་རང་ཉིད་ལས་རང་ཉིད་འབྱུང་བ་བཤད་ཅིང་།    ཚེར་མ་རྣོ་པོ་དང་སྲན་མ་རིལ་རིལ་ཡིན་པ་རྨ་བྱའི་སྒྲོ་འདོངས་ལ་མཚོན་མདོག་སྣ་ཚོགས་ཡོད་པ་རང་ལས་རང་འབྱུང་བ་ཡིན་པ་དང་།    དེ་རྣམས་རང་བཞིན་གྱིས་བྱུང་བ་ཡིན་ཏེ།  རྒྱུ་དང་རྐྱེན་གང་ཡང་མེད་པ་རང་ལས་རང་སྐྱེས་ཞེས་པས་བདག་སྐྱེ་ཟེར།    བདག་ལས་སྐྱེས་ཞེས་པ་ནི།   རྒྱུ་དང་འབྲས་བུ་གཉིས་ངོ་བོ་གཅིག་པ་འདོད།   མུ་སྟེགས་པས་རྒྱུ་དེ་ངོ་བོ་འགྱུར་ནས་འབྲས་བུ་ངོ་བོ་ཆགས་པ་དང་།   ངོ་བོ་གཅིག་པ་རྒྱུ་ལས་སྐྱེ་བ་བརྟེན་རང་ལས་རང་བྱུང་བ་འདོད།   ལྟ་བ་དེ་དག་འགོགས་པའི་རིག་པ་དེ་ཡང་རང་ལས་རང་བྱུང་བ་ཡིན་ན་རྒྱུའི་དུས་སུ་འབྲས་བུ་དེ་ཡོད་དགོས་པ་དང་འབྲས་བུ་ངོ་བོ་སྐྱེད་དགོས།   སྐྱེས་ཟིན་ཚེ་སླར་ཡང་སྐྱེ་དགོས་པའི་དོན་སྙིང་པོ་མེད།   རྒྱུ་དང་འབྲས་བུ་གཉིས་ངོ་བོ་མི་འདྲ་བ་ཡིན་པས་ངོ་བོ་གཅིག་པ་ཡིན་ན་ཡང་སྐྱར་སྐྱེད་དགོས་དོན་མེད།   དཔེར་ན། ས་བོན་དང་མྱུ་གུ་གཉིས་ཁྱད་ཆོས་ཚང་མ་གཅིག་མཚུངས་ཡིན་དགོས་ལ་རྒྱུ་དང་འབྲས་བུ་གཉིས་ནུས་པ་མི་འདྲ་བ་དང་བཟོ་ལྟ་མི་འདྲ་བ་སོགས་ཡིན་སྟབས་ངོ་བོ་གཅིག་ཡིན་ན་ནུས་པ་དང་དབྱིབས་སོགས་གཅིག་མཚུངས་ལས་གཞན་ཡོང་མི་སྲིད་པའི་ཕྱིར།  དེ་ཡང་ཁྱད་ཆོས་མི་འདྲ་བ་ཡོད་པས་རྒྱུ་དང་འབྲས་བུ་ངོ་བོ་ཐ་དད་ཡིན་པ་གྲུ་བ་རང་ལས་རང་བྱུང་མི་སྲིད་པའི་ཕྱིར།   གཉིས་པ།གཞན་ལས་སྐྱེ་བ་དེ་ཡོད་ན་རྒྱུ་དང་འབྲས་བུ་གཉིས་རང་བཞིན་གྱི་གྲུབ་པ་གཞན་ཡིན་དགོས།   རང་བཞིན་གྱི་གྲུབ་པར་གཞན་ཡིན་ན་དེ་ལས་སྐྱེ་བ་རེད་ཅེས་ཁས་ལེན་ན་མི་འགྲིག་དེ་ཡང་རྒྱུ་དང་འབྲས་བུ་གཉིས་སོ་སོ་གྲུབ་པ་དེ་རྒྱུ་དང་རྐྱེན་ལ་བརྟེན་ནས་སོ་སོ་གྲུབ་པ་ཞིག་ཡིན་པ་ལས་རང་བཞིན་གྱིས་སོ་སོ་གྲུབ་པ་ཞིག་མིན་པས།   འབྲས་བུ་དེ་རྒྱུ་ལས་བརྟེན་ནས་བྱུང་བའི་རྒྱུ་འགག་པ་དང་འབྲས་བུ་སྐྱེ་བ་དུས་མཉམ་ཡིན་པས་རྒྱུ་མ་འགག་པ་འབྲས་བུ་སྐྱེ་མི་སྲིད། དཔེར་ན་རྒྱ་མ་ཀྱག་སྐབས་རྒྱ་རྡོ་ཡར་མཐོ་རུ་འགྲོ་དུས་རྒྱ་མ་མར་དམའ་རུ་འགྲོ་བ་དང་རྒྱ་རྡོ་མར་དམའ་རུ་འགྲོ་དུས་རྒྱ་མ་ཡར་མཐོ་རུ་འགྲོ་བ་དུས་མཉམ་ཡིན་པས་དེ་བཞིན་དུ་རྒྱུ་མ་འགག་པ་འབྲས་བུ་སྐྱེ་མི་ཐུབ།    ཡིན་ནའང་འབྲས་བུ་དེ་སྐྱེ་བ་ལ་ངེས་པ་དུ་རྒྱུ་ལ་བརྟེན་དགོས།   འོན་ཀྱང་རྒྱུ་འབྲས་བུ་གཉིས་རང་བཞིན་གྱིས་གྲུབ་པའི་སོ་སོ་ཆགས་པ་རྒྱུ་དང་རྐྱེན་ལ་བརྟེན་ནས་སོ་སོ་ཆགས་པ་ཡིན་སྟབས་རང་བཞིན་གྱི་གྲུབ་པ་གཞན་མིན་པ་ཁས་ལེན་དགོས་སོ། 
གསུམ་པ།  གཉིས་ཀ་ལས་སྐྱེ་བ་དེ་རང་ལས་སྐྱེ་དང་གཞན་ལས་སྐྱེ་བ་དགག་པས་ཤུགས་ཀྱིས་གྲུབ་པ་འགྱུར་རོ།   བཞི་པ།   རྒྱུ་མེད་ལས་སྐྱེ་བ་མིན་པ་ནི།  མུ་སྟེགས་པའི་ནང་གི་རྒྱང་འཕེན་ཟེར་བ་དེས་རྒྱུ་མེད་པ་ལས་འབྲས་བུ་སྐྱེ་བ་འདོད་ཀྱང་འབྲས་བུ་དེ་རང་བཞིན་གྱིས་སྐྱེ་བ་གཞན་ལས་རྒྱུ་དང་རྐྱེན་གང་ཡང་མེད།   དཔེར་ན་སྲན་མ་རིལ་རིལ་ཆགས་པ་དང་ཚེར་མ་རྣོན་པོ་ཆགས་པ་རྨ་བྱ་སྒྲོ་མཛེས་པོ་ཆགས་པ་སོགས་ཚང་མ་རྒྱུ་གང་ཡང་མེད་ཟེར་ན་རྒྱུ་མེད་པ་ལས་སྐྱེ་བ་ཡིན་ན་དངོས་པོ་ཚང་མ་གཅིག་ལ་གཅིག་རྟེན་གྱིས་འབྲེལ་བ་དེ་རྩ་བ་ནས་མི་དགོས་ཏེ་ཆུ་ལུད་དང་བྲལ་བའི་ནས་ལ་མྱུ་གུ་སྐྱེ་ཆོག   །ངེས་པར་དུ་རྒྱུ་རྐྱེན་ཞིག་མ་འཛོམས་ན།  དཔེར་ན།  བྲོ་ལ་ནས་སྐྱེ་བ་དང་འབྲས་ལ་བྲོ་སྐྱེ་བ་མི་སྲིད་པའི་རྒྱུ་མཚན་གང་ནས་ཐུབ་ཡོད།   རྒྱུ་རྐྱེན་ཞིག་དགོས་པ་ར་འཕྲོད།   འོན་ཀྱང་དངོས་པོ་རྣམས་ངོ་བོ་མི་འདྲ་བ་དང་རྣམ་པ་མི་འདྲ་བ་སོགས་སྣ་ཚོགས་ཡོད་པ་དེ་རྒྱུ་རྐྱེན་ཞིག་ཡོད་པ་ལ་བརྟེན་ནས་བྱུང་བ་མ་གཏོགས་རྒྱུ་རྐྱེན་ཞིག་མེད་ན་དངོས་པོ་རྣམས་ངོ་བོ་གཅིག་པ་དང་རྣམ་པར་སོགས་ཅིག་མཚུངས་སུ་འགྱུར་རོ།།

No comments: